དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥུ་ཀ་ནི་སི་ཐན་ལ་ཚབས་ཆེའི་བདེ་འཇགས་ཀྱི་གནས་ཚུལ་འཕྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲའོ་དབྱི་ཕུའུ།   |     སྤེལ་དུས།  2026-01-19

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་རོགས་སྐྱོར་ཚོགས་པས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་8ཚེས་1ནས་ཟླ་10ཚེས་31ཉིན་བར་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སུ་བདེ་འཇགས་དོན་རྐྱེན་2737ཐོན་པ་དེ་ན་ནིང་གི་དུས་མཚུངས་ལས་14.7%འཕར་ཡོད། མིག་སྔར་འཇིགས་སྐུལ་རིང་ལུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཐད་ཀར་འཇིགས་སྣང་སྐུལ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་སྲིད་གཞུང་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུའི་ཁས་ལེན་བྱས་པ་དག་དོན་ཐོག་ཏུ་གང་མགྱོགས་འཁྱོལ་བར་བྱེད་དགོས་པའི་སྐུལ་ལྕག་བཏང་ཡོད།

    ཟླ་11པའི་ཟླ་མཇུག་ཏུ་ཨ་ཧྥུ་ཀ་ནི་སི་ཐན་དང་ཐ་ཇིག་སི་ཐན་གྱི་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་གྱི་དོན་རྐྱེན་ཁག་གཉིས་བསྟུད་མར་ཐོན་ཡོད། ཐ་ཇིག་སི་ཐན་སྲིད་གཞུང་གིས་འཇིགས་སྐུལ་བྱེད་སྤྱོད་དེ་དག་ནི་ཁྱིམ་མཚེས་རྒྱལ་ཁབ་ཨ་ཧྥུ་ཀ་ནི་སི་ཐན་ནས་བྱུང་བ་རེད་ཅེས་བརྗོད། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་ཨ་ཧྥུ་ཀ་ནི་སི་ཐན་ནས་བྱུང་བའི“ཁྲིམས་འགལ་དང་བསྙད་རྐོའི་བྱེད་སྤྱོད”ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་འབྲེལ་བྱ་ཐབས་ནུས་ལྡན་སྤྱད་ནས“དོན་རྐྱེན་དེ་རིགས་སླར་ཡང་མ་ཐོན་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་སྤེལ་བས་མཐའ་མཚམས་སུ་གདོང་གཏུག་བྱུང་སྟེ། ས་གནས་དེ་གའི་དམངས་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འཇིགས་སྣང་ཆེན་པོ་སྐུལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ཕུའུ་ལའེ་ཁྲེ་ཡིས“ཨ་ཧྥུ་ཀ་ནི་སི་ཐན་འདི་ཉིད་མིག་སྔར་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་བཅུག་ཡོད”ཅེས་དང་། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་བ་ཁྲི་1740ཙམ་ལ་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་འཕྲད་ཡོད་ཅེས་བརྗོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་གྱི་དམིགས་བསལ་འཐུས་ཚབ་གཞོན་པ་ཆའོ་ཀྲི་ཐེ་·ཅ་ཉི་ཨོང་གིས་སྔོན་དཔག་བྱས་པ་ལྟར་ན། 2026ལོར་སླེབས་དུས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམངས་ཚོགས་ཧ་ལམ་ཁྲི་2200ལ་འཕྲལ་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མཁོ་ཡོད་པ་དེས་མི་འབོར་གྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད།

    ཡུན་རིང་མ་སོང་གོང་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཕུའུ་ཚུང་གིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་ལ་བློ་ཐག་རྦད་ཆོད་ཀྱིས་བྱ་སྤྱོད་ནུས་ལྡན་སྤེལ་ནས། ཨ་ཧྥུ་ཀ་ནི་སི་ཐན་དུ་ཡིབ་སྡོད་འཇིགས་སྐུལ་སྟོབས་ཤུགས་མཐའ་དག་གཙང་སེལ་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་སྐུལ་འདེབས་བྱས་པ་དང་ཆབས་ཅིག ཁོང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདུ་ཤེས་འཛིན་སྟངས་ཐད་ཀྱི་ཕྱོགས་ཞེན་གྱི་ལྟ་ཚུལ་དང་ས་འབྲེལ་ཆབ་སྲིད་ཀྱི་ལྐོག་ཇུས་དོར་ཏེ། “ཚད་གཞི་གཉིས”སམ་ཡང་ན་གདམ་གའི་རང་བཞིན་གྱི་བྱེད་སྟངས་ལ་ངོ་རྒོལ་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་འབྲེལ་གཏུག་དང་གླེང་མོལ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ལེགས་སུ་ཟམ་མི་ཆད་པར་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐད་ཀྱི་ཕ་ཁི་སི་ཐན་གྱི་དམིགས་བསལ་འཐུས་ཚབ་མུའུ་ཧན་མོ་ཏེ·སཱ་ཏི་ཁེ་ཡིས། ཀྲུང་གོས་གླེང་མོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་མཐུན་པའི་ཆ་སེལ་བ། ཕྱོགས་གཉིས་པོའི་འབྲེལ་བ་ཡག་ཏུ་གཏོང་བ་བཅས་ཀྱི་ཐད་དགོས་ངེས་ཀྱི་གཞོགས་འདེགས་བྱས་པ་དང་འབྲེལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་ཕན་པའི་འབད་བརྩོན་གང་ཞིག་ཡིན་རུང་འདིར་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།