དྲོ་སྐྱིད་ཀྱིས་ཁེངས་པའི་ཚོང་ཁང་ཆུང་ཆུང་།
ཀོའུ་པའོ་པའོ་ཡིས་ནག་ཆུར་འཚོ་བ་བསྐྱལ་བའི་བགྲང་བྱ་ཉི་ཤུ།
ཉེ་ཆར། “ལོ་ཟླ་ནི་བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས་འདས་འགྲོ”ཞེས་པའི་སྐད་ཆ་འདི་ཀློག་སྐབས་གསར་འགོད་པའང་རེ་ཞིག་བསམ་པའི་ཀློང་དུ་ཚུད་ལ། རྒྱུན་དུ་རྒྱང་རིང་གི་གཏམ་རྒྱུད་ཁོ་ནར་སེམས་པ་འཁོར་ཏེ་ཉེ་འགྲམ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དག་སྣང་མེད་དུ་ཤོར་མེད་དམ་སྙམ།
དེས་ན་གསར་འགོད་པས་རང་སྡོད་སའི་ཁུལ་ཆུང་སྒོ་འགྲམ་གྱི་སྒོ་རྩིས་ཚོང་ཁང་ཆུང་ཆུང་དེའི་སྦྱིན་བདག་ཀོའུ་ལགས་ལ་བཅར་འདྲི་བྱས་པ་ཡིན། དེ་རིང་ཁོང་དང་ཅི་འཕྲོས་མོལ་འཕྲོས་བཤད་པ་བརྒྱུད་ཁོང་གི་མིང་ཆ་ཚང་ལ་ཀོའུ་པའོ་པའོ་ཟེར་བ་གཞི་ནས་ཤེས་བྱུང་།
ཁོང་1991ལོར་ཀན་སུའུ་རུ་སྐྱེས་པ་དང་ལོ་15ལ་སླེབས་སྐབས་ནང་མི་དང་མཉམ་དུ་ནག་ཆུར་ཡོང་ནས་འཚོ་བ་བསྐྱལ་བ་རེད། ནར་སོན་རྗེས་ནག་ཆུའི་འབྲི་གཡག་ཐང་ཆེན་གྱི་བརྒྱ་ཟོག་སྡེབ་ཚོང་ཁང་དུ་ལོ་7ཚོང་བརྒྱབ་ཅིང་། དེའི་རིང་ཁོང་གིས་མི་ཚོགས་ལ་ལྟ་ཞིབ་དང་དགོས་མཁོ་གསལ་རྟོགས་བྱས་ནས་ས་མཐོའི་གྲོང་ཁྱེར་ཆུང་ཆུང་དེའི་དཔལ་འབྱོར་ལ་ཉམས་ཞིབ་བྱས་ཤིང་། རིམ་པར་ཚོང་ཙག་ཙིག་རྒྱག་པའི་བསམ་བློ་འཁོར། དེ་ནས་ཁོང་གིས་ལོ་གཅིག་ཙམ་རིང་ཕྱོགས་གཅིག་ནས་ཉིན་གླ་རྒྱུག་སྟེ་ཚོང་ཟོག་སྐྱེལ་བ་དང་ཕྱོགས་གཞན་ཞིག་ནས་ཚོང་ཁང་གི་གནས་ཡུལ་བཙལ། མཐར་ད་ལྟའི་ཚོང་ཁང་འདི་གླས་པ་རེད།
ཚོང་ཁང་གི་གཡས་གཡོན་གཉིས་སུ་སྒོ་རྩིས་ཚོང་ཁང་གཞན་དག་ཡོད་པས་འགྲན་རྩོད་ཆེན་པོ་ཡོད་མོད། འོན་ཀྱང་ཁོང་ལ་གདེང་ཚོད་ཆེན་པོ་ཡོད། ཁོང་གིས“ཁྱེད་ཀྱིས་ལྟོས་དང་། ཁ་སྤྲོད་དུ་ལས་ཁུངས་མང་བ་དང་འགྲམ་དུ་ལས་བཟོའི་ལས་ཤག་ཡིན་པས་ཅ་ལག་ཉོ་མཁན་མེད་པའི་སེམས་ཁྲལ་མེད། ཡར་སྔོན་གླ་པ་རྒྱུག་སྐབས་སྦྱིན་བདག་མང་པོ་ཞིག་ངོ་ཤེས་པས་ཁོང་ཚོའི་ས་ནས་ཚོང་ཟོག་འཐེན་སྐབས་གོང་གཅོག་གི་ཡོད”ཅེས་བཤད།
ཀོའུ་པའོ་པའོ་ཡི་སྨི་ངོས་གྲུ་65ཡོད་པའི་ཚོང་ཁང་ཆུང་ཆུང་དེའི་ནང་དངོས་ཟོག་གང་དགོས་འཛོམས་ཡོད་ལ། གོང་ཚད་ཀྱང་འཚམ་པོ་ཡོད་པས་ཉེ་འགྲམ་གྱི་གྲོང་མི་རྣམས་ཁོང་གི་ཚོང་ཁང་ནས་ཅ་ལག་ཉོ་བར་དགའ་པོ་ཡོད།
བུད་མེད་ཅིག་ཚོང་ཁང་ནང་འཛུལ་ནས“སྦྱིན་བདག་ཁྱེད་རང་ཕ་ཡུལ་དུ་ལོག་ཉེར་ཡོད་པས་སྔ་སྣུར་དུ་ཆུ་མངག་པར་ཡོང་བ་ཡིན། ཚོང་ཁང་གཞན་དག་ནས་ཉོས་ན་གོང་མཐོ་པོ་འདུག”ཅེས་བཤད།
ཚོང་ཁང་ཆུང་ཆུང་དེས་ད་དུང་རིན་མི་དགོས་པར་མྱུར་སྐྱེལ་བསྐུར་མ་ལེན་རོགས་བྱེད་ཀྱི་ཡོད། ལོ་ཤས་གོང་ནག་ཆུར་རིག་ནུས་མྱུར་སྐྱེལ་སྒམ་མེད་པས་མི་མང་པོ་ཞིག་གིས་བསྐུར་མ་ལེན་ཁོམ་མེད་དུས་ཁོང་གི་ཚོང་ཁང་དུ་འཇོག་གི་ཡོད། ཁོང་གི་སྐད་འཕྲིན་གྲོགས་པོ་ཇེ་མང་དུ་སོང་བ་དང་སྦྲགས་བསྐུར་མ་དེ་གར་འཇོག་མཁན་ཡང་ཇེ་མང་དུ་སོང་སྟེ་རིམ་བཞིན་མྱུར་སྐྱེལ་བས་སྐད་ཆ་མི་འདྲི་བར་ཁོང་གི་ཚོང་ཁང་དུ་འཇོག་རྐྱང་བྱེད་ཀྱི་ཡོད།
“མི་མང་པོ་ཞིག་གིས་བསྐུར་མ་ལེན་ཞོར་དུ་ཅ་ལག་ཉོ་གི་ཡོད། དེ་ནི་ཁོང་ཚོའི་སེམས་ཁྱད་ཡིན་པ་ངས་ཤེས་ཀྱི་ཡོད”དུས་ཡུན་རིང་པོ་སོང་བ་དང་བསྟུན་ནས་ཆ་རྒྱུས་མེད་པའི་མི་དག་ཁོང་གི་གྲོགས་པོར་གྱུར། ཁོང་གི་སྐད་འཕྲིན་ནང་གྲོགས་པོ་ཉི་སྟོང་ལྷག་ཙམ་ཡོད་པ་དང་མང་ཆེ་བ་ནི་ཁོང་གི་ཅ་ལག་ཉོ་མཁན་རེད།
སྨི་ངོས་གྲུ་65ལས་མེད་པའི་ཚོང་ཁང་ཆུང་ཆུང་དེ་སྔ་ས་ནས་ཚོང་ཁང་ཞིག་ལས་བརྒལ་ཏེ་ཕན་ཚུན་ཡིད་ཆེས་དང་སེམས་བཟང་བརྒྱུད་སྤྲོད་བྱེད་པའི་སྡེ་ཁུལ་གྱི“དྲོ་སྐྱིད་ཁང”དུ་གྱུར་བ་རེད།
འབྲེལ་ཡོད་གསར་འགྱུར།