“ལོ་ལྔ་ཚན་བཅུ་བཞི་པའི”རིང་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ།
རང་རྒྱལ་གྱི་མཁའ་རླུང་སྤུས་ཚད་ལེགས་སུ་འགྲོ་བཞིན་པ།
གསར་འགོད་པར་2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་PM2.5ཡི་ཆ་སྙོམས་གར་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་28.0ཟིན་ཏེ་དུས་མཚུངས་ལས་4.4%ཆག་པ་དང་། གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་89.3%ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.9འཕར་ཡོད། གནམ་སྔོན་སྲུང་འཐབ་ཀྱིས་སླར་ཡང་ཕུལ་བྱུང་གི་རྒྱུགས་ལན་སྤྲད་པས་ནམ་མཁའ་སྔོ་ཞིང་དྭངས་བ་དེ་རྒྱུན་གཏན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་PM2.5གར་ཚད་རིམ་རྩིས་བརྒྱབ་ན་20%ཆག་པ་དང་། གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ནས་སྦགས་བཙོག་ཚབས་ཆེ་བའི་ཉིན་གྲངས་25%ཉུང་དུ་ཕྱིན་ཡོད།
2025ལོར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་གཏོང་གི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། གཙོ་གནད་ལས་རིགས་བཅོས་སྐྱོང་གཏིང་ཟབ་བྱེད་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བས་ལོ་ཧྲིལ་པོར་ངར་ལྕགས་སྦོམ་པོའི་ཐོན་ནུས་ཏུན་དུང་ཕྱུར་3དང་། རྡོ་སོལ་སྲེག་སྒྱུར་ཐོན་ནུས་ཏུན་དུང་ཕྱུར་2.7 ཨར་འདམ་རྒྱུ་ཆ་བཙོ་མ་ཐོན་ནུས་ཏུན་དུང་ཕྱུར་4.7བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱིར་འབུད་དམའ་ཤོས་ཀྱི་སྒྱུར་བཀོད་གསར་དུ་ལེགས་གྲུབ་བྱུང་ཡོད། ལོ་ཧྲིལ་པོར་ནུས་རྒྱུ་གསར་པའི་ལྗིད་ཐེག་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི་18.2ཟིན་ཏེ་དུས་མཚུངས་ལས་172%འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་འབུད་ཚད་མཐོ་བའི་རླངས་འཁོར་རྙིང་པ་ཁྲི་3000ཙམ་མེད་པར་བཟོས་པ་དང་། བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་20ལས་བརྒལ་ནས་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་གཏོང་ཚད་ཀྱི་60%ཙམ་བཟུང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ཀྱི་བཙོག་འབུད་མེད་པའི་སྐྱེལ་འདྲེན་གྱི་བསྡུར་ཚད་78%ཟིན་ཡོད།
སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གནམ་སྔོན་སྲུང་འཐབ་ཡག་པོ་རྒྱག་དགོས་ན་PM2.5གར་ཚད་རྒྱུན་མཐུད་དམའ་རུ་གཏོང་བའི་དམིགས་ཚད་ལ་དམིགས་ནས། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཚད་གཞིའི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ། གྲུབ་ཆ་ལེགས་སྒྱུར་ལེགས་སྒྲིག་དང་སྦགས་བཙོག་བཅོས་སྒྲིག་ཞིབ་ཚགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཙོ་གནད་ཀྱི་བཙོག་འབུད་ཉུང་གཏོང་ལས་གྲྭ་དང་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་ཁག་གཅིག་སྒྲིག་འཛུགས་ལག་བསྟར་བྱས་ཏེ། མཁའ་རླུང་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།