སྡེ་ཚན་བརྒྱད་ཀྱིས་བྱེད་ཐབས་ཞིབ་ཕྲ་ཁག་14བཏོན་ནས།
རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་ལ་རམ་འདེགས་བྱས་པ།
ཉེ་ཆར། དམངས་སྲིད་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས《རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》བཀྲམ་ནས་ལག་བསྟར་བྱས་པ་དང་། རང་རྒྱལ་གྱི་རྒན་གསོའི་ཞབས་ཞུ་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤུས་རྟགས་ཅན་གཏོད་པར་སྐུལ་འདེད་གཏོང་བ་དང་། རྒན་གསོའི་ཞབས་ཞུ་ཁྲོམ་ར་ཅན་དུ་འགྱུར་བའི་དགོས་མཁོ་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་གྱིས་རྒན་གསོའི་ཞབས་ཞུར་མཐུན་རྐྱེན་སྦྱོར་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་5ཡི་ཐད་ནས་བྱ་ཐབས་ཞིབ་ཕྲ་ཁག་14བཏོན་ཡོད་པ་རེད།
2025ལོའི་ལོ་མཇུག་བར། རང་རྒྱལ་དུ་རྒན་གསོའི་སྒྲིག་གཞི་ཁྱོན་ཁྲི་4.17དང་ལས་ཀ་བྱེད་མཁན་ཁྲི་72.2ཡོད་པ་དེ་དུས་མཚུངས་ལས་12.2%འཕར་ཡོད། རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་ཆེད། བྱེད་ཐབས་འགའ་ཞིག་ནང་བྱ་ཐབས་ཞིབ་ཕྲ་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནི་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་རྒྱུ་དེ་ཡིན་ཞིང་། རིགས་དབྱེ་སྐུལ་གཏོང་དང་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ཏེ། རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བར་འགན་ལེན་བྱ་རྒྱུ་དང་། གཉིས་ནི་སྲིད་དོན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན་ཞིང་། ཞབས་ཞུ་གནད་ལ་འཁེལ་ཚད་དང་སྟབས་བདེའི་རང་བཞིན་ཆེ་རུ་བཏང་ནས། གཉེར་སྐྱོང་བྱེད་པོར་དུས་འཁོར་ཧྲིལ་པོ་དང་འཁོར་འབྲེལ་ཧྲིལ་པོའི་མཛུབ་ཁྲིད་ཞབས་ཞུ་མཁོ་འདོན་བྱ་རྒྱུ། གསུམ་ནི་འཁྲོལ་འཛིན་དང་ལག་ཁྱེར་གཉེར་བའི་འགྲོ་ལུགས་ལེགས་སུ་གཏོང་རྒྱུ་དེ་ཡིན་ཞིང་། སྡེ་ཚན་དང་ས་ཁོངས་ཀྱི་འགོག་རྐྱེན་མེད་པ་བཟོ་བར་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། བཞི་ནི་གཉེར་སྐྱོང་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་ཞིང་། ས་ཞིང་དང་། དུས་བཀག མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།