མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་དང་དྲག་སྐྱེད་ཞབས་ཞུར་སྤུས་འབྲས་གཉིས་འཕར་བྱུང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2025ལོར། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་དང་དྲག་སྐྱེད་ཀྱི་དགོས་མཁོར་དམིགས་ཏེ་སྤྱི་ཚོགས་འགན་སྲུང་དང་དྲག་སྐྱེད་ཞབས་ཞུ“ཕྱོགས་ཡོངས་ལ་ཁྱབ་པ”ནས“སྤུས་འབྲས་ལེགས་གཉེར”ཡོང་བར་མུ་མཐུད་སྐུལ་འདེད་བཏང་བ་རེད། 2025ལོར་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་2016ལོར་ལམ་ལུགས་བཙུགས་ཚུན་མཐོ་རུ་ཐེངས་དང་པོ་བཏང་སྟེ་མི་རེར་ཟླ་རེར་སྒོར་20སྤར་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་7ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
《དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལག་ལེན་བསྟར་ཏེ། སྲིད་ཇུས་དོན་འཁྱོལ་གནད་སྨིན་ཐུབ་པར་བྱས་ཤིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་104101ལ“ཁ་གསབ་གཉིས” དང་། དབང་པོ་སྐྱོན་ཅན་71632ལ་འཚོ་བའི་ཁ་གསབ། དབང་པོ་སྐྱོན་ཅན་76041ལ་འཚོ་སྐྱོང་ཁ་གསབ་ལོངས་སུ་སྤྱོད་རྒྱུ་བྱུང་ནས། ལོངས་སུ་སྤྱོད་དགོས་རིགས་ཚང་མར་ལོངས་སྤྱོད་ཐུབ་པ་དང་ཁ་གསབ་དངུལ་སྤྲོད་དགོས་རིགས་ཚང་མར་ཁ་གསབ་སྤྲོད་ཐུབ་པ་བྱས་ཡོད།
གསོ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་བ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་1311བཏང་སྟེ་སྒྲིག་གཞིས་གསོ་བཅོལ་དང་། སྡེ་ཁུལ་གྱིས་ལྟ་སྐྱོང་། ཁྱིམ་སྡོད་ཞབས་ཞུ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། དབང་པོ་སྐྱོན་ཅན་4277ལ་ཆེད་ལས་ཅན་གྱི་ལྟ་སྐྱོང་བྱས་པས། ཁྱིམ་ཚང་གི་ཁུར་པོ་ཡང་ཕྱིན་ཡོད། ཐོགས་མེད་ཁོར་ཡུག་བསྐྲུན་པར་མཉམ་དུ་སྐུལ་འདེད་བཏང་སྟེ། དཀའ་ངལ་ཆེན་པོ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་1282ལ་ཐོགས་མེད་སྒྱུར་བཀོད་ལེགས་གྲུབ་བྱས་པའི་ནང་ཅི་ཧྲི་ཧྲན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་760ལ་སྔོན་ལ་འགན་སྲུང་བྱས་ཡོད། གཞན་ཡང་། ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་1180ལ་འཕྲུལ་སྒུལ་སྟེགས་འཁོར་གྱི་སྣུམ་གྱི་ཁ་གསབ་རག་ནས་ཕྱིར་སྐྱོད་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད་པ་རེད།
དྲག་སྐྱེད་ཞབས་ཞུ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། ལོ་ཧྲིལ་པོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དྲག་སྐྱེད་མ་དངུལ་སྒོར་ཁྲི་4079བརྩོན་ལེན་བྱས་ནས་ལོ་0ནས་ལོ་17བར་གྱི་དབང་པོ་སྐྱོན་ཅན་བྱིས་པ་དྲག་སྐྱེད་རོགས་སྐྱོབ་དང་རམ་འདེགས་ཡོ་ཆས་སྤྲོད་པར་གཙོ་གནད་རྒྱབ་སྐྱོར་བྱས་ཡོད། ལོ་ཧྲིལ་པོར་དབང་པོ་སྐྱོན་ཅན་33907ལ་དྲག་སྐྱེད་སྨན་བཅོས་དང་། སྦྱོང་བརྡར། དེ་བཞིན་རམ་འདེགས་ཡོ་ཆས་སྤྲོད་པ་བཅས་ཀྱི་ཞབས་ཞུ་དང་། བདེ་ཐང་གི་ཞབས་ཞུ། རམ་འདེགས་ཡོ་བྱད་སྤྲོད་ཚད་བཅས་ལོ་ལྔ་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཁབ་ཀྱིས་མིས་བཟོས་རྣ་འཁྱིལ་གཅིག་སྡུད་ངང་ཉོ་བའི་སྲིད་ཇུས་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པ་དང་། རྣ་བར་སྐྱོན་ཡོད་པའི་བྱིས་པ་25ལ་རིན་མེད་གཤགས་བཅོས་བྱས་པས། ཁྱིམ་ཚང་གི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།