ཅང་སུའུ་དང་མཚོ་སྔོན་གྱིས་ས་མཐོའི་རྩེར་སོན་ཐོན་རྫས་ནན་ཅིང་དུ་འཚོང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ལེ་དབར་སྟོང་གི་རི་ཆུ་བརྒལ་ནས་མཉམ་ལས་ཀྱི་ལེའུ་གསར་མཉམ་དུ་རྩོམ། ཟླ་1ཚེས་8ནས་ཚེས་10ཉིན་བར། “ཅང་སུའུ་དང་མཚོ་སྔོན་གྱིས་ལོ་མཇུག་ཏུ་ས་མཐོའི་རྩེར་སོན་ཐོན་རྫས་ནན་ཅིང་དུ་འཚོང”ཞེས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་ནན་ཅིང་དུ་སྤེལ་ཞིང་། སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་དང་། སློབ་གྲྭའི་དབར་མཉམ་འགུལ། གྲོང་མིས་ཉམས་ལེན་བཅས་ཀྱི་ནང་དོན་ཆེ་གྲས་གསུམ་གྱི་མཉམ་འགུལ་བརྒྱུད། “རི་ཆུའི་ཆུ་འགོ རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ”བཅས་ཀྱི་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་གཏིང་ཟབ་མངོན་པར་བྱས་ནས། ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་མཉམ་ལས་ལ་རིག་གནས་ཡུལ་སྐོར་གྱི་སྒུལ་ནུས་གསར་པ་བསྣན་ཡོད།
ཟླ་1ཚེས་8ཉིན། མཚོ་ལྷོ་ཀྲོའུ་རིག་གནས་དང་ཡུལ་སྐོར་འཐུས་མི་ཚོགས་པས་སྔོན་ལ་ནན་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སུ་ཐུག་འཕྲད་སྤེལ་རེས་བྱེད་པར་བསྐྱོད་དེ། ས་གནས་དེ་གས“སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཉམས་ལེན་ཟུང་འབྲེལ”ལྟེ་བར་བྱས་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། རྗེས་མཐུད་ཀྱི་བྱེད་སྒོ་རབ་དང་རིམ་པ་ལག་བསྟར་ཞིབ་ཕྲ་བྱེད་པའི་ཐད་ཕྱོགས་གཉིས་པོར་འབྲེལ་མཐུད་གནད་སྨིན་བྱུང་ནས་དུས་ཡུན་ཉིན་གསུམ་གྱི་བྱེད་སྒོར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཚེས་9ཉིན། བྱེད་སྒོ་ཆེ་གྲས་གཉིས་དུས་གཅིག་ཏུ་སྤེལ་ཞིང་། སྔ་དྲོར་འཚོགས་པའི“ཅང་སུའུ་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འབྲེལ་མཐུད”ཅེས་པའི་ཡུལ་སྐོར་ལས་དོན་ཁང་གི་མཉམ་ལས་བཞུགས་མོལ་ཚོགས་འདུར་ཅང་སུའུ་ཡི་ཡུལ་སྐོར་ལས་དོན་ཁང་གྲགས་ཅན་40ལྷག་ཙམ་དང་མཚོ་ལྷོ་ཀྲོའུ་ཡི་རིག་གནས་ཡུལ་སྐོར་སྡེ་ཚན་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་ཞུགས་ཡོད། མཚོ་ལྷོ་ཀྲོའུ་ཡིས《མཚོ་ལྷོ་ཀྲོའུ་ཡི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ》ཁྱབ་བསྒྲགས་བྱས་པ་དང་། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་ཚ་རྔ་གྲོག་རོང་སོགས་མཛེས་ལྗོངས་ཁུལ་གྱིས་ཆེད་གཏོགས་གཟིགས་སྐྱོང་སྲིད་ཇུས་བཏོན་པ་མ་ཟད། ས་ཡུལ་དངོས་སུ་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་འཛད་སྤྱོད་འཛིན་ཤོག་ཆིག་སྟོང་ལྷག་ཙམ་སྤྲད་པ་རེད། ཅང་སུའུ་ཡི་ཆོན་ཅིང་རྒྱལ་ཡོངས་ཡུལ་སྐོར་དང་ཐུའུ་ཉིའུ་ཡུལ་སྐོར་དྲ་བ་སོགས་ཁེ་ལས་ཀྱིས་ཐབས་དང་ཇུས་བཏོན་པ་དང་། ཅང་སུའུ་ཡི་ཡུལ་སྐོར་ལས་དོན་ཁང་ལྔ་ཡིས་ས་ཡུལ་དངོས་སུ་མཚོ་ལྷོ་ཀྲོའུ་ཡི་མཛེས་ལྗོངས་ཁུལ་དང་མཉམ་ལས་ཀྱི་འདོད་འདུན་ཡི་གེ་བཞག་ནས་མཉམ་ལས་དེ་འདུ་ཤེས་ནས་ལག་ལེན་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད།
གཞན་ཡང་། དེ་ཉིན“གློག་བརྙན་བལྟས་ནས་ཡུལ་སྐོར་ལ་སྐྱོད”ཅེས་པའི་མཐོ་སློབ་ཏུ་སྐྱོད་པའི་བྱེད་སྒོ་ནན་ཅིང་དགེ་འོས་སློབ་ཆེན་དུ་སྤེལ་བ་རེད། འཁྲུག་ཆ་དོད་པའི་ཟ་ཁང་དང་། ཞིམ་ཟས་མྱོང་རོལ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་། བོད་ཆས་ཉམས་ལེན། VRརྟོག་བཟོའི་ལྟ་སྐོར་སོགས་རྣམ་པ་སྣ་ཚོགས་ནས་ས་མཐོའི་ཡུལ་སྲོལ་གོམས་གཤིས་སློབ་གྲྭར་ཁྱབ་གདལ་བཏང་ཡོད། དེ་བཞིན། བྲོ་བ་ཞིམ་ལ་རོ་བཅུད་ལྡན་པའི་ཚགས་ཤ་དང་ལུག་ཤ་སོགས་ཞིམ་ཟས་ལ་ཚང་མས་ཧ་ཅང་དགའ་པོ་བྱེད་པའང་མཐོང་རྒྱུ་ཡོད། ཐེངས་འདིའི་བྱེད་སྒོ་བརྒྱུད་སློབ་མ་ཚོར་སློབ་གྲྭ་ནས་ས་མཐོའི་ཡིད་དབང་འཕྲོག་ཤུགས་ཚོར་ཏེ། རིག་གནས་ཡུལ་སྐོར་སྤུས་རྟགས་ལ་དགའ་པོ་བྱེད་མཁན་གཞོན་ནུ་གསོ་སྐྱོང་ཐུབ་ཡོད།
ཚེས་10ཉིན། ཞོན་ཝུའུ་མཚེའུ་པདྨ་ཐང་ཆེན་དུ་བྱེད་སྒོ་སྣ་ཚོགས་འཁྲུག་ཆ་དོད་པོས་སྤེལ་ཞིང་། མཚོ་ལྷོ་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཐོག “རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་དང་། རིག་གནས་བསམ་བཀོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་། མཉམ་འགུལ་ཉམས་ལེན”བཅས་ནང་དོན་ཆེ་གྲས་བཞི་བརྒྱུད་མཐོང་ཚོར་མྱོང་གསུམ་གྱི་ཐོག་ནས་ས་མཐོའི་མཛེས་སྡུག་མངོན་པར་བྱས་པ་རེད།
དུས་ཡུན་ཉིན་གསུམ་གྱི་སྣ་ཚོགས་བྱེད་སྒོ་ནི་མཚོ་ལྷོ་ཀྲོའུ་ཡིས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་མཉམ་ལས་ཟབ་ཏུ་གཏོང་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་མཚོ་ལྷོ་ཀྲོའུ་ཡི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་མ་ཟད། ཁྱད་ལྡན་རིག་གནས་བསམ་བཀོད(མངོན་མིན་རིག་གནས་ཤུལ་བཞག) ཐོན་རྫས་དང་ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་བཏང་བས། “དག་གཙང་མཚོ་ལྷོའི”སྤུས་རྟགས་ཅང་སུའུ་རུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས། རྗེས་སོར་ས་གནས་གཉིས་པོས་མུ་མཐུད་ནས་རིག་གནས་ཡུལ་སྐོར་དང་ཐོན་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།