གངས་ལྗོངས་ས་མཐོར་ལུས་རྩལ་བྱ་གཞག་དར། ལུས་རྩལ་འགྲན་རར་དཔའ་རྒོད་ཉམས་བཟང་མངོན།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་སྐོར་གླེང་བ།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ལྗོངས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་དམངས་ཡོངས་ཀྱི་ལུས་སྦྱོང་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་སོགས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་ཕྱོགས་ཡོངས་ནས་མཐུན་སྦྱོར་གྱི་བཀྲག་མདངས་འཚེར་བའི་རྣམ་པ་བཟང་པོ་མངོན་ཡོད།
རྩལ་འགྲན་ལུས་རྩལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ་10པའི་བར། རང་ལྗོངས་ཀྱི་ལུས་རྩལ་པ་ཚོར་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁག་ནང་གསེར་གྱི་རྟགས་མ་155དང་། དངུལ་གྱི་རྟགས་མ་103 ཟངས་ཀྱི་རྟགས་མ་147བཅས་ཁྱོན་རྟགས་མ་405ཐོབ་ཡོད།
རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1ཐོབ་པ་དང་། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐོག་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་2ཐོབ་ནས་གངས་འཁྱགས་རྣམ་གྲངས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད། སྟོབས་རྒྱལ་དང་། དབྱངས་ཅན་ལྷ་མོ། ཚེ་རིང་དགྲ་འདུལ་སོགས་ཕུལ་བྱུང་ལུས་རྩལ་པ་ཁག་གཅིག་འབུར་དུ་ཐོན་པ་དེ་དག་བོད་ཀྱི་ལུས་རྩལ་གྱི་མིང་བྱང་གསར་པར་གྱུར་ཡོད།
ཡུན་རིང་མ་སོང་གོང་གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་རང་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་དཔའ་ངར་ཆེན་པོས་འབད་བརྩོན་བྱས་ནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་རེ་རེ་བཞིན་བཏོད་པ་ལས། དུས་རབས་གསར་པའི་བོད་ཀྱི་ལུས་རྩལ་པ་ཚོའི་ཞུམ་མེད་ཀྱི་ཉམས་འགྱུར་མངོན་ཡོད།
རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མས“སླད་ཕྱིན་ང་ཚོས་རང་ངོས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས‘ནང་འདྲེན་དང་ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་རྩལ་ཁྲིད་པ་གདན་ཞུ་བྱས་ནས་སྦྱོང་བརྡར་ལ་མཛུབ་ཁྲིད་དང་། ཆུ་ཚད་མཐོ་བའི་ལུས་རྩལ་པ་དང་ལུས་རྩལ་རུ་ཁག་དེ་བས་མང་བ་བོད་དུ་སྤེལ་རེས་ལ་ཡོང་རྒྱུའི་ཡིད་དབང་འགུག་པ། རང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོའི་ནང་ལུས་རྩལ་པ་རྩེ་གྲ་དང་གར་སྟེགས་གཅིག་ཐོག་འགྲན་བསྡུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།
དམངས་ཡོངས་ལུས་སྦྱོང་གི་རྣམ་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་14.5བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ས་1232གསར་སྐྲུན་དང་སྒྱུར་བཀོད་རྒྱས་སྐྲུན་བྱས་པ་དང་ལུས་རྩལ་སྤྱི་གླིང་17བསྐྲུན་པ་མ་ཟད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་སྒྲིག་ཆས་ཀྱི་ཞན་ཆ་སེལ་བའི་ལོ་ལྔའི་བྱ་སྤྱོད་འཆར་གཞི(2021ལོ་ནས་2025ལོ་བར)》པར་འགྲེམས་བྱས་པ་རེད།
རང་ལྗོངས་སུ་ས་མཐོའི་ཁྱད་ཆོས་ལྡན་པའི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་བྱེད་སྒོའི་མ་ལག་བཏོད་པའི་ཁྲོད་མང་ཚོགས་ཀྱི་ཡིད་དབང་འགུག་པའི་འགྲན་བསྡུར་བྱེད་སྒོ་དཔེར་ན། “ཟླ་8ཚེས་8ཉིན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”དང་། ལོ་གསར་གྱི་རི་འཛེག་ལུས་སྦྱོང་ཚོགས་ཆེན། སྒོར་གཞས་འགྲན་བསྡུར་ཆེན་པོ་སོགས་སྤེལ་ཡོད། 2025ལོའི“ཟླ་8ཚེས་8ཉིན་དམངས་ཡོངས་ལུས་སྦྱོང་ཉིན་མོའི”བྱེད་སྒོ་སྤེལ་སར་ཐའེ་ཅི་ཆོན་དང་ལུས་སྦྱོང་ལུས་རྩལ་སོགས་སྲོལ་རྒྱུན་གྱི་རྣམ་གྲངས་ཕུད། ད་དུང་བི་ཤུ་དང་། རྡོ་སྒོར། གཉའ་འཐེན་སོགས་མི་རིགས་ཀྱི་ལུས་རྩལ་རྣམ་གྲངས་ཀྱང་ཡོད་ལ། མང་ཚོགས་1000ལྷག་ཙམ་གྱི་ཡིད་དབང་བཀུག་ནས་འགྲན་བསྡུར་ལ་ཞུགས་ཡོད།
ལུས་རྩལ་ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་བྱུང་བ།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྡེ་ཚན་11དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་ཐང་སྟོང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2023ལོ་ནས་2025ལོ་བར)》བཏོན་ནས། ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་རི་སའི་ཐང་སྟོང་ལུས་རྩལ་གྱི་དམིགས་ས་གཏོད་དགོས་པ་བཏོན་ཡོད།
སྲིད་ཇུས་ཀྱི་ཤར་རླུང་ལ་བརྟེན་ནས་རང་ལྗོངས་ཀྱི་སྤུས་རྟགས་འགྲན་བསྡུར་སྣ་ཚོགས་ཀྱི་ཤུགས་རྐྱེན་རིམ་བཞིན་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་འཚོགས་པའི“ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར”དང་། “ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན” “ལྔ་པའི་ཚེས་བཅོ་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་གཟིངས་འབྲུག་མགོ་མ)འགྲན་བསྡུར”སོགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེའི་ནང་“ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར”ལོ་གཉིས་བསྟུད་མར“ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་ལེགས་རྣམ་གྲངས”ནང་བདམས་པ་དང་། 2024ལོར“ཀྲུང་གོའི་ཐང་སྟོང་ལུས་རྩལ་ཐོན་ལས་ཚོགས་ཆེན་གྱི་འགྲན་བསྡུར་རྩེ་གྲ་ཆེ་གྲས་བཅུར”བདམས་ཡོད།
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང“ཆུ་སྐམ་མཁའ་གསུམ”གཞི་གཅིག་ཅན་གྱི་ཐང་སྟོང་ལུས་རྩལ་མ་ལག་ཧུར་ཐག་བསྐྲུན་པའི་ནང་རི་འཛེག་མྱུལ་དཔྱད་དང་། རྐང་ཐང་སྒར་ས། རྐང་འཁོར་བྱེས་བགྲོད། འཕུར་གཡེང་གདུགས་སོགས་ལུས་རྩལ་སྣ་ཚོགས་ཚུད་ཡོད་པས། བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་དྲིལ་བསྒྲགས་ནུས་ལྡན་ཐུབ་པ་མ་ཟད། ལུས་རྩལ་འཛད་སྤྱོད་བརྟན་འཕར་ལ་སྣེ་ཁྲིད་ཀྱང་ཐུབ་ཡོད།
གཞོན་ནུ་ལོ་ཆུང་གི་ལུས་རྩལ་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤྲོ་སྐྱིད་ཁང་དང་། ལུས་རྩལ་སྲོལ་རྒྱུན་རྣམ་གྲངས་ཀྱི་སློབ་གྲྭ་དང་ཐང་སྟོང་གི་སྒར་ས་བཙུགས་ཏེ་སློབ་མའི་ལུས་རྩལ་འགྲན་ཚོགས་དང་། “སློབ་གྲྭར་ལུས་རྩལ་བྱེད་སྒོ་སྤེལ་བ”གཞོན་ནུ་ལོ་ཆུང་གི་འགྲན་བསྡུར་སྣ་ཚོགས་བཅས་རྒྱ་ཁྱབ་ཏུ་སྤེལ་ནས་སློབ་མའི་ལུས་རྩལ་རྩལ་ནུས་དང་བདེ་ཐང་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་བྱས་ཡོད།
2025ལོར་སློབ་གྲྭར་ཕའེ་ཆིའུ་སྤོ་ལོ་དང་། འཁོར་ཤུད། དྲ་བའི་སྤོ་ལོ། བྲག་འཛེག་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ་མ་ཟད། ཆེད་ལས་རྩལ་ཁྲིད་པ་དང་ཕུལ་བྱུང་ལུས་རྩལ་པས་མཛུབ་ཁྲིད་གཏིང་ཟབ་བྱས་པར་བརྟེན། སློབ་མ་ཚོས་སློབ་གསེང་དུ་ལུས་རྩལ་མི་འདྲ་བ་མྱོང་རོལ་ཐུབ་ནས་ལུས་རྩལ་གྱི་ཉམས་འགྱུར་ཚོར་ཐུབ་པ་བྱུང་བ་མ་ཟད། གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་ཀྱང་སྦྱིན་ཡོད།
གཞན་ཡང་། བོད་ཀྱི་ལུས་རྩལ་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་ལུས་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འདེམས་པ་དང་། གསོ་སྐྱོང་། དོ་དམ། སྤྱོད་པ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གསོ་སྐྱོང་དང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་རབ་དང་རིམ་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ལུས་རྩལ་པའི་འགན་སྲུང་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ། ལུས་རྩལ་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ། 《“ལོ་ལྔ་ཚན་བཅུ་བཞི་པའི”》ལུས་རྩལ་བོད་སྐྱོར་འཆར་འགོད》བཀྲམ་པ་བཅས་བྱས་ནས་བོད་ཀྱི་ལུས་རྩལ་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་འགོད་པའི་འགག་རྩའི་མཚམས་ཚིགས་སུ་བོད་ཀྱི་ལུས་རྩལ་བྱ་གཞག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལུས་རྩལ་གྱི་སྟོབས་ཤུགས་མུ་མཐུད་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།