“ལོ་ལྔ་ཚན་བཅུ་བཞི་པའི”རིང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་7000ལྷག་ཙམ་སྤེལ་བ།
ཉེ་ཆར། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཐེངས་7000ལྷག་ཙམ་སྤེལ་བ་དེ་གཞོན་ནུ་ལོ་ཆུང་མི་ཐེངས་ཁྲི་110ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲའོ་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ས་མཐོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གཞོན་ནུ་ལོ་ཆུང་གི་དགོས་མཁོར་དམིགས་ཏེ། དུས་ཀྱི་མཚམས་ཚིགས་གལ་ཆེན་དུ“རྩ་ཁྲིམས་ལྟ་ཀློག”དང“ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་གཟའ་འཁོར” “ལང་ཚོའི་རང་སྲུང”སོགས་ཀྱི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་ལ་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་གསལ་འགྲེལ་གཏིང་ཟབ་བྱས་ཏེ་རྩ་ཁྲིམས་སློབ་གསོ་སློབ་གྲྭའི་རིག་གནས་དང་མཉམ་འདྲེས་བྱས་ནས་གཞོན་ནུ་ལོ་ཆུང་གིས་རྩ་ཁྲིམས་གོང་དུ་བཀུར་བའི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་སུ“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས”152དང“ཞི་མཐུན་བརྟན་ལྷིང་གི་སྡེ་ཁུལ”91ཡོད་པ་དང་ནུབ་སྐྱོད་འཆར་གཞིའི་དང་བླངས་པའི་སྟོབས་ཤུགས་དང་ཟུང་འབྲེལ་བྱས་ནས“གུང་གཞོན་སྡེ་ཚོགས་ཀྱིས་སྣེ་ཁྲིད་དང་། སྡེ་ཚན་མང་པོ་མཉམ་འགུལ། སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་བདེ་འཇགས་དྲ་བ་གྲུབ་སྟེ་སྤྱི་ཚོགས་ཕྱོགས་ཁག་གི་མཐུན་སྦྱོར་སྲུང་སྐྱོང་ཁྲོད་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།