ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ།

ཟླ་1ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་10པར་ང་ཚོས་ཧན་གོའི་ཆིང་ཀྲོའུ་རུ་མཇལ་འཛོམས་གནང་སྟེ་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་བཏོད་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་སླར་གསོ་དང་བསྐྱར་དུ་འགོ་འཛུགས་པའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ན་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ལ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་སྐོར་ལ་དགོངས་འཆར་ཁག་4བཏོན་གནང་ཞིང་། གཅིག་ནས་ཕན་ཚུན་བརྩི་འཇོག་གི་རོགས་ཟླ་བྱེད་དགོས། ཀྲུང་གོ་དང་ཁ་ན་ཏའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགོག་རྐྱེན་མང་པོ་བྱུང་བའི་དུས་སྐབས་བརྒྱུད་རྗེས་རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་དོན་དངོས་ཀྱི་བློ་འབྱེད་རྩ་ཆེན་བཞག་ཡོད། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་པོའི་རྒྱལ་བབ་འདྲ་ཡི་མེད་ནའང་ཚང་མས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་བདམས་པའི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་དགོས་པ། རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་མཉམ་གཤིབ་ཡང་དག་བྱེད་པའི་ཐབས་ལམ་མཐའ་འཁྱོངས་བྱེད་དགོས། གཉིས་ནས་ཐུན་མོང་འཕེལ་རྒྱས་ཡོང་བའི་རོགས་ཟླ་བྱེད་དགོས། ཀྲུང་གོ་དང་ཁ་ན་ཏའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པས་ཕྱོགས་གཉིས་ཀར་མཉམ་ལས་ཁྲོད་ནས་ཕན་པ་ཐོབ་ཀྱི་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེས་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་ལ་རྒྱུན་མཐུད་ངང་གོ་སྐབས་གསར་པ་མཁོ་འདོན་ཐུབ་རྒྱུ་དང་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་ཐུབ་རྒྱུ་རེད། ཕྱོགས་གཉིས་པོས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་མང་ཙམ་རྒྱག་པ་དང་། བཀག་རྒྱའི་གསལ་ཐོ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་སྔར་ལས་གཏིང་ཟབ་དང་རྒྱ་ཁྱབ་ཀྱི་མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་ཁེ་ཕན་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་གཏོང་དགོས། གསུམ་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་རོགས་ཟླ་བྱེད་དགོས། དམངས་སེམས་འབྲེལ་མཐུད་བྱེད་པ་ནི་ཆེས་རྨང་གཞི་དང་། ཆེས་སྲ་བརྟན། ཆེས་ཡུན་རིང་གི་ཕན་ཚུན་འབྲེལ་མཐུད་ཅིག་ཡིན་པས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། རིག་གནས། ཡུལ་སྐོར། ལུས་རྩལ། ས་གནས་སོགས་ལས་རིགས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བཏང་ནས། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བཞི་ནས་ཕན་ཚུན་རོགས་ལས་བྱེད་པའི་རོགས་ཟླ་བྱེད་དགོས། ཁ་ཕྲལ་དུ་གནས་པའི་འཛམ་གླིང་གིས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་མི་ཐུབ་པས། ཐག་གཅོད་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་ལེན་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད།
ཁཱ་ཉི་ཡིས་གསུངས་དོན། ཁ་ན་ཏ་དང་ཀྲུང་གོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚད་མཐོའི་གསབ་རེས་ཐུབ་པ། ཐུན་མོང་གི་ཁེ་ཕན་མང་བས་གོ་སྐབས་ཀྱིས་ཁེངས་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཤུགས་ཆེ་ཞིང་རྒྱུན་མཐུད་ཆོག་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་ནས། ཕྱོགས་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱུས་མྱུར་པོ་ཕྱིན་པ་དང་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་བསྣན་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་དང་། ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་པར་གཞོལ་བ། ཕན་ཚུན་བརྩི་འཇོག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། དངུལ་རྩ། སློབ་གསོ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་དེར་ཤུགས་སྣོན་རྒྱག་རྒྱུའི་བསྐྱར་བསྒྲགས་བྱ་རྒྱུ་ཡིན། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་རྨང་གཞི་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོར་དོན་སྙིང་གལ་ཆེན་ལྡན་ཡོད། འགྱུར་ལྡོག་དང་ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ནས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད།
མཇལ་འཛོམས་གནང་གྲུབ་རྗེས། ཕྱོགས་གཉིས་པོས《ཀྲུང་གོ་དང་ཁ་ན་ཏའི་འགོ་ཁྲིད་པའི་མཇལ་འཛོམས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།