སྡེ་ཚན་གསུམ་གྱིས་སྤྱི་བསྒྲགས་སྤེལ་ནས།
གྲོང་མིས་སྡོད་ཁང་བརྗེ་ཉོ་དང་འབྲེལ་བའི་མི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་མུ་མཐུད་ལག་བསྟར་དང་རྒྱབ་སྐྱོར་བྱེད་པ།
གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱ་ཆེད། ནོར་སྲིད་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། སྡོད་ཁང་འཛུགས་སྐྲུན་པུའུ་བཅས་ཀྱིས་ཚེས་14ཉིན་སྤྱི་བསྒྲགས་སྤེལ་ནས། 2026ལོའི་ཟླ་1ཚེས་1ཉིན་ནས་2027ལོའི་ཟླ་12ཚེས་31ཉིན་བར། རང་བདག་སྡོད་ཁང་བཙོངས་པ་མ་ཟད། ད་ལྟའི་སྡོད་ཁང་ཕྱིར་ཚོང་བྱས་རྗེས་ཀྱི་ལོ་གཅིག་གི་ནང་ཁྲོམ་ར་ནས་སྡོད་ཁང་བསྐྱར་དུ་ཉོས་པའི་ཁྲལ་འཇལ་མཁན་གྱིས་སྡོད་ཁང་བཙོངས་ནས་འཇལ་བའི་མི་སྒེར་གྱི་ཐོབ་ཁྲལ་ཐད་ཁྲལ་སློག་གི་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་འཁོད་ཡོད།
དེའི་ནང་གསར་དུ་ཉོས་པའི་སྡོད་ཁང་གི་དངུལ་འབོར་དེ་ད་ལྟའི་སྡོད་ཁང་བརྒྱུད་བཤུག་བཏང་བའི་དངུལ་འབོར་ལས་མང་བའམ་ཡང་ན་གཅིག་མཚུངས་ཡིན་ཚེ། འཇལ་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་ཚང་མ་ཕྱིར་སློག་བྱ་རྒྱུ་དང་། གསར་དུ་ཉོས་པའི་སྡོད་ཁང་གི་དངུལ་འབོར་ད་ལྟའི་སྡོད་ཁང་གི་བརྒྱུད་བཤུག་བཏང་བའི་དངུལ་འབོར་ལས་ཉུང་བ་ཡོད་ཚེ། གསར་དུ་ཉོས་པའི་སྡོད་ཁང་གི་དངུལ་འབོར་གྱིས་ད་ལྟའི་སྡོད་ཁང་བརྒྱུད་བཤུག་བཏང་བའི་དངུལ་འབོར་ནང་བཟུང་བའི་བསྡུར་ཚད་ལྟར་ད་ལྟའི་སྡོད་ཁང་བཙོངས་ནས་འཇལ་བའི་མི་སྒེར་གྱི་ཐོབ་ཁྲལ་ཕྱིར་སློག་བྱ་རྒྱུ་རེད།
སྤྱི་བསྒྲགས་ལ་གཞིགས་ན། གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཁྲལ་འཇལ་བར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་མཉམ་དུ་འཛོམས་དགོས་པ་སྟེ། ཁྲལ་འཇལ་བས་ཕྱིར་ཚོང་དང་གསར་དུ་ཉོས་པའི་སྡོད་ཁང་དེ་གྲོང་ཁྱེར་གཅིག་གི་ཁྱབ་ཁོངས་ནང་ཡོད་དགོས། རང་བདག་སྡོད་ཁང་བཙོངས་པའི་ཁྲལ་འཇལ་བ་དང་གསར་དུ་ཉོས་པའི་སྡོད་ཁང་དབར་ཐད་ཀར་འབྲེལ་བ་ཡོད་དགོས་པ་དང་གསར་དུ་ཉོས་པའི་སྡོད་ཁང་གི་བདག་དབང་བའམ་ཡང་ན་བདག་དབང་བའི་གྲས་ཤིག་ཡིན་དགོས།
སྤྱི་བསྒྲགས་ནང་བླང་བྱ་བཏོན་དོན། རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ཁྲལ་དོན་སྡེ་ཚན་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་ས་ཁུལ་དེ་གའི་སྡོད་ཁང་ཉོ་ཚོང་གན་རྒྱར་དྲ་ཐོག་ནས་མིང་རྟགས་འགོད་པ་དང་ཐོ་འགོད་སོགས་ཀྱི་ཆ་འཕྲིན(ཐོ་འགོད་ཆ་འཕྲིན་ཕྱིར་འཐེན་བྱེད་པ་ཚུད་པ)དུས་ཐོག་ཏུ་ས་གནས་དེ་གའི་ཁྲལ་དོན་སྡེ་ཚན་ལ་མཉམ་སྤྱོད་བྱེད་དགོས་པ་དང་། ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་མེད་པའི་ས་ཁུལ་དུ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་སློག་ཞིབ་དཔྱད་ལ་མཁོ་བའི་སྡོད་ཁང་ཉོ་ཚོང་གན་རྒྱའི་ཐོ་འགོད་ཆ་འཕྲིན་དུས་ཐོག་ཏུ་རག་པ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།