དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོར་བོད་ཀྱི་རིག་གནས་རིག་རྩལ་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-17

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2025ལོར། བོད་ཀྱི་རིམ་ཁག་རིག་རྩལ་སློབ་གླིང་དང་ཚོགས་པས་གསར་གཏོད་བཟོ་སྒྲིག་བྱས་པའི་བརྩམས་ཆོས་1000ལྷག་ཙམ་ཡོད་པའི་ནང་རིག་རྩལ་གསར་རྩོམ་རྣམ་གྲངས་9ལ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་དང་རང་སྐྱོང་ལྗོངས་སྒྱུ་རྩལ་གསར་རྩོམ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་1100ལྷག་ཙམ་རག་པ་དང་རིག་རྩལ་བརྩམས་ཆོས་30ལྷག་ཙམ་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་པུའུ་རིམ་པའི་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གར་སྟེགས་སྒྱུ་རྩལ་ཐད་གསར་རྩོམ་ཞབས་བྲོ《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཞེས་པར་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་བྱ་དགའི“ཝུན་ཧྭ་འཁྲབ་ཚན་བྱ་དགའ”ཐོབ་པ་དང་། ལོ་ཆུང་བྱིས་པའི་ལྷ་མོའི་གར་སྟེགས་ཟློས་གར་ཐོག་མ《དོན་ཡོད་དོན་གྲུབ》ཞེས་པར་སྐབས་བཅུ་དགུ་པའི་ཀྲུང་གོའི་ཟློས་གར་དུས་ཆེན་གྱི་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ་པ། ལྷ་མོ《སྐལ་བཟང་མེ་ཏོག་མཛེས》ཞེས་པ་2025ལོའི་ལོ་གསར་གྱི་ཟློས་གར་མཚན་ཚོགས་ལ་ཞུགས་པ་རེད། གཞན་ཡང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་བཟོ་སྒྲིག་བྱས་པའི་བརྩམས་ཆོས《ཧ་མུའུ་ལེ་ཐེ》ཞེས་པར“པོ་ལུའོ་ཏི་རྒྱ་མཚོའི་ཁྱིམ་གཞིས”ཞེས་པའི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་གྱི་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

    དུས་མཚུངས་སུ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། 2025ལོར། བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་21དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་101མང་དུ་ཕྱིན་པ་དང་། མ་བུ་མཚོའི་གནའ་ཤུལ“རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ”ཡི་ནང་བདམས་པ། ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྨིན་གྲོལ་གླིང་དགོན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་སོགས་གཞི་རིམ་གྱི་རིག་གནས་འཐབ་ས་རིམ་སྤོར་བྱུང་ནས་སྤུས་ལེགས་རིག་གནས་ཐོན་ཁུངས་གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་ཁྱབ་གདལ་བཏང་བས་རིག་གནས་དམངས་ཕན་ལས་དོན་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།