དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་ཡིག་ཆ་བཀྲམ་ནས།

    ​སྲིད་གཞུང་གི་མ་འཇོག་ཐེབས་རྩའི་ཁྱབ་བཀོད་དང་མ་དངུལ་གཏོང་ཕྱོགས་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་བཟོས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-17

    ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་མཉམ་དུ《སྲིད་གཞུང་གི་མ་འཇོག་ཐེབས་རྩའི་ཁྱབ་བཀོད་འཆར་འགོད་དང་མ་དངུལ་གཏོང་ཕྱོགས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་རིམ་ངོས་ནས་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་ཁྱབ་བཀོད་དང་མ་དངུལ་གཏོང་ཕྱོགས་བརྒྱུད་རིམ་ལྡན་པའི་ངང་ཐེངས་དང་པོར་ཚད་ལྡན་བཟོས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དུས་གཅིག་ཏུ《སྲིད་གཞུང་གི་མ་འཇོག་ཐེབས་རྩའི་མ་དངུལ་གཏོང་ཕྱོགས་ཀྱི་གདེང་འཇོག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་པ་དང་། དེའི་དམིགས་ཡུལ་ནི་སྐུལ་ལྕག་དང་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་དོ་དམ་དང་མ་འཇོག་ཐབས་ཇུས་ཀྱི་ལམ་སྲོལ་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་ཆེད་རེད།

    ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གི་མ་འཇོག་ཐེབས་རྩ་ཁ་ཤས་འཛུགས་པ་དང་འཁོར་སྐྱོད་བྱེད་རིང་། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་དང་མི་མཐུན་པ་དང་། ཐེབས་རྩའི་ངེས་གནས་གསལ་པོ་མེད་པ། མ་དངུལ་གཏོང་ཕྱོགས་ཀྱི་ངོ་བོ་གཅིག་མཚུངས་སོགས་ཀྱི་གནད་དོན་ཐོན་ཡོད། དེར་བརྟེན་ལས་ཀའི་བྱ་ཐབས་ནང་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་བྱེད་ནུས་ཀྱི་ངེས་གནས་དང་གཙོ་གནད་མ་འཇོག་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

    ལས་ཀའི་བྱ་ཐབས་ནང་བཏོན་དོན། སྲིད་གཞུང་གི་མ་འཇོག་ཐེབས་རྩས་ཐེབས་རྩ་འཛུགས་པའི་ཇུས་གཞིའི་ནང་གཙོ་གནད་མ་འཇོག་བྱ་ཡུལ་གྱི་ཐོན་ལས་ཁྱབ་ཁོངས་ཁ་གསལ་འདོན་དགོས། མ་དངུལ་གཏོང་ཕྱོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་གི་གཞི་ཆེའི་སྟངས་འཛིན་གྱི་བླང་བྱ་དང་མཐུན་དགོས་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་མཛུབ་ཁྲིད་དཀར་ཆག་སོགས་རྒྱལ་ཁབ་རིམ་པའི་ཐོན་ལས་དཀར་ཆག་ནང་གི་སྐུལ་ལྕག་རིགས་ཀྱི་ཐོན་ལས་དང་མཐུན་དགོས་ལ། རྒྱལ་ཁབ་རིམ་པའི་འཕེལ་རྒྱས་འཆར་འགོད་དང་། རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད། ས་ཁོངས་འཆར་འགོད་ཀྱི་བླང་བྱ་སོགས་དང་མཐུན་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་མཛུབ་ཁྲིད་དཀར་ཆག་ནང་གི་ཚོད་འཛིན་རིགས་དང་གྲལ་འབུད་རིགས་ཀྱི་ཐོན་ལས་དང་། དེ་བཞིན་འབྲེལ་ཡོད་འཆར་འགོད་དང་སྲིད་ཇུས་ཡིག་ཆའི་ནང་གཏན་འགོག་གསལ་པོ་བྱས་པའི་ཐོན་ལས་ཁྱབ་ཁོངས་གཞན་དག་ལ་མ་དངུལ་གཏོང་མི་ཆོག སྐུལ་ལྕག་རིགས་ཀྱི་ཐོན་ལས་ལ་མ་དངུལ་གཏོང་བར་དཔྱད་དཔོག་རིགས་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་ལས་རྨོངས་ཚོད་ཀྱིས་ལད་ཟློས་དང་། ཧབ་ཐོབ་རྒྱག་པ། ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུགས་སྐྲུན་བཅས་གཏན་ནས་བྱེད་མི་རུང་།

    ཞིབ་ཕྲའི་ཐོག་ནས་བལྟས་ན། རྒྱལ་ཁབ་རིམ་པའི་ཐེབས་རྩས་ཁྱོན་ཡོངས་ལ་གཞི་ཚུགས་ཏེ། ཐེབས་རྩའི་ངེས་གནས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ས་ཁོངས་ལས་བརྒལ་བའི་གཙོ་གནད་རྣམ་གྲངས་དང་དེ་བཞིན་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་ཐོན་ལས་ཀྱི་འགག་གནད་ལས་སྒྲོལ་བ་བཅས་བྱས་ཏེ། འགག་རྩའི་ཁྱབ་ཁོངས་ཉུང་ཤས་ལ་དམིགས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།