ཝང་དབྱི་ཡིས་ཁ་ན་ཏའི་ཕྱི་འབྲེལ་དཔོན་ཨ་ནན་ཏེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཁ་ན་ཏའི་ཕྱི་འབྲེལ་དཔོན་ཨ་ནན་ཏེ་དང་པེ་ཅིང་དུ་མཇལ་འཛོམས་གནང་བ་རེད།
ཝང་དབྱི་ཡིས་གསུངས་དོན། ཙུང་ལི་ཁཱ་ཉི་ཡིས་ཀྲུང་གོར་འཚམས་འདྲི་གནང་འགོ་ཚུགས་པ་དེ་ནི་ཁ་ན་ཏའི་ཙུང་ལིས་དུས་ཡུན་ལོ་བརྒྱད་སོང་རྗེས་ཀྲུང་གོར་འཚམས་འདྲི་གནང་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངོས་ནས་བརྗོད་ན་དེར་ཁ་ཕྱོགས་འགྱུར་བའི་རང་བཞིན་དང་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་མཇལ་འཛོམས་དང་ཕན་ཚུན་གྲོས་མོལ་གནང་རྒྱུ་ཡིན་པ་དེས་ཕྱོགས་གཉིས་པོའི་འབྲེལ་བར་མདུན་ལྗོངས་གསར་པ་ཞིག་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་འབྲེལ་མཐུད་བྱེད་ཟབ་ཏུ་བཏང་ནས། ཡིད་ཆེས་བརྟན་དུ་གཏོང་བ་དང་། འགོག་རྐྱེན་སེལ་བ། མཉམ་ལས་གཏིང་ཟབ་བཅས་བྱས་ཏེ། དུས་བབ་གསར་པར་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་དང་། ཏན་ཏིག ཡག་པོ་བཅས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཨ་ནན་ཏེ་ཡིས་གསུངས་དོན། ཁ་ན་ཏ་སྲིད་གཞུང་གསར་པས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཁྱབ་ཁོངས་ཁག་གི་གླེང་མོལ་སླར་ཡང་འགོ་བཙུགས་ནས། ཕན་ཚུན་གཉིས་ཀར་ཕན་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་ཕྱོགས་མང་ལས་དོན་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།