གཡུར་ཟའི་གྲུབ་འབྲས་ཁུར་དུ་བླངས། གངས་ལྗོངས་ས་མཐོར་གཟི་འོད་བསྣན།
བོད་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པའི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུ།
2025ལོའི་ཟླ་12ཚེས་15ཉིན་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་བདེ་བླག་ངང་མཇུག་འགྲིལ་བ་དང་། རང་ལྗོངས་ཀྱི་འགྲན་ཞུགས་རུ་མི་ཚོས་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཚད་བརྒལ་དང་། མཉམ་འདྲེས། མཉམ་སྤྱོད”བཅས་ཀྱི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་མཚོན་པ་བྱས་ཤིང་། ཁྱོན་སེར་གྱི་རྟགས་མ་24དང་། དངུལ་གྱི་རྟགས་མ་32 ཟངས་ཀྱི་རྟགས་མ་20བཅས་ཐོབ་ནས་རང་ལྗོངས་ཀྱི་ཚོགས་པ་འགྲན་བསྡུར་ནང་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
ཉེ་ཆར། གསར་འགོད་པས་སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ལུས་རྩལ་པ་དང་། རྩལ་འཁྲིད་པ། ནང་མི། ལས་དོན་པ་སོགས་ལ་བཅར་འདྲི་ཞུས་ནས་ཁོང་ཚོའི་དཀའ་སྤྱད་ཀྱི་བརྒྱུད་རིམ་དང་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་ཉན་པ་ཡིན།
འགྲན་ལམ་ནས་ལང་ཚོའི་བཀྲག་མདངས་མངོན།
བོད་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པ་བསོད་ནམས་རྒྱལ་མཚན་གྱིས་གསར་འགོད་པར་ང་ཆུང་དུས་ནས་མིག་ཤེད་ཞན་པས་མཚོན་རྟགས་སྣ་ཚོགས་གསལ་པོ་མི་མཐོང་བ་དང་། ནག་པང་སྟེང་གི་ཡི་གེ་རབ་རིབ་ཙམ་ལས་མི་མཐོང་བ། འགྲོ་སྐྱོད་བྱེད་སྐབས་སྒྲོག་ཙེ་དང་རྐུབ་སྟེགས་ལ་རྡུང་ཁ་རྒྱག་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་རྗེས་མགོ་བོ་བཀྱག་ནས་འཚོ་བར་རོལ་བའི་སྤོབས་པ་ཡོངས་སུ་ཉམས་ཞེས་བཤད།
“སྟབས་ལེགས་པ་ཞིག་ལ་ང་རང་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སླེབས་རྗེས་རྩལ་ཁྲིད་པ་རྒན་ཐུབ་བསྟན་སྐལ་བཟང་ལགས་འཕྲད་བྱུང་། ཁོང་གིས་ང་མཆོང་རྒྱུག་འཕེན་གསུམ་རུ་ཁག་ནང་བཅུག་ནས་ལུས་རྩལ་སྦྱོང་བརྡར་སྐབས་ཀྱི་སྟངས་སྟབས་རེ་རེ་དང་རྩལ་ནུས་རེ་རེ་བཞིན་ངང་རྒྱུད་རིང་པོས་མཛུབ་ཁྲིད་གནང་བ་དང་། བློ་ཁོག་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་དགོས་པའི་ལྕག་སྐུལ་གནང་བྱུང”ཞེས་བསོད་ནམས་རྒྱལ་མཚན་གྱིས་སེམས་འགུལ་ཐེབས་བཞིན་བཤད།
2025ལོའི་ཟླ་12པར་ལོ་20ལ་སླེབས་པའི་བསོད་ནམས་རྒྱལ་མཚན་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་ཐོག་མར་ཞུགས་པ་དང་། ཁོང་གིས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་800དང་སྨི་1500ཡི་མཐའ་བསྡུར་ནང་གསེར་གྱི་རྟགས་མ་བླངས་ཏེ། བོད་ཀྱི་ལུས་རྩལ་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་ལ་རྟགས་མ་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
འདུག་རོགས་བྱེད་པ་ནི་བྱམས་སྐྱོང་ཡག་ཤོས་དེ་ཡིན།
ལོ་མང་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབང་སྐྱོན་བྱ་གཞག་དེ་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དབང་པོ་སྐྱོན་ཅན་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལེགས་སུ་ཏན་ཏིག་བཏང་ཡོད།
“ངར་སྐབས་ཤིག་རིང་བློ་ཕམ་ཆེན་པོ་སྐྱེས་བྱུང་། ངའི་བུ་མོ་ཚེ་འདིར་སློབ་གྲྭར་སྐྱོད་ཐབས་བྲལ་བའི་སེམས་ཁྲལ་དང་སླད་ཕྱིན་རང་མགོ་ཐོན་མི་ཐུབ་པའི་སེམས་ཁྲལ་ཆེན་པོ་བྱུང་། སྟབས་ལེགས་པར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་ངའི་བུ་མོ་ཡང་རྩྭ་ཐང་གི་སྐལ་བཟང་མེ་ཏོག་ལྟར་རབ་ཏུ་བཞད་སོང”ཆོས་ཉིད་སྐལ་བཟང་གི་ཕ་བདེ་ཆུང་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་འབྲོག་པ་དཀྱུས་མ་ཞིག་རེད། ཁོང་གིས་གསར་འགོད་པར་ལོ་དེ་དག་རིང་ཕྲུ་གུ་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱོད་དེ་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྤུས་ལེགས་སློབ་གསོ་དང་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱས་པ་ལས་རིམ་བཞིན་རང་མགོ་ཐོན་སོང་ཞེས་བཤད།
“ངའི་བསམ་ཡུལ་ལས་འདས་པ་ཞིག་ནི་དེ་སྔ་གོམ་པ་ཡང་བརྟན་པོ་རྒྱག་མི་ཐུབ་པའི་བུ་མོས་གོམ་པ་རེ་རེ་བཞིན་རྒྱལ་ཡོངས་ཀྱི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་དེ་གསེར་གྱི་རྟགས་མ་བཞི་བླངས་པ་དེ་རེད”ཅེས་བདེ་ཆུང་གིས་བཤད།
སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ནང་བོད་ཀྱི་འཐུས་མི་ཚོགས་པར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་སྟེ། དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མིང་གྲལ་དེ་སྐབས་གོང་མའི་རྒྱལ་ཡོངས་ཀྱི་ཨང་33པ་ནས་ཨང་18པའི་བར་འཕར་ཡོད། གཟི་བརྗིད་འདིར་ལུས་རྩལ་པ་ཚོས་རྔུལ་ཆུ་གྲངས་མེད་བཏོན་པ་དང་རྩལ་ཁྲིད་པས་སེམས་ནུས་ཡོད་རྒུས་གསོ་སྐྱོང་བྱས་པའི་དཀའ་བ་འདུས་ཡོད་ལ། དེ་བས་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སེམས་ཁུར་དང་བྱམས་སྐྱོང་བྱས་པའི་དཔང་པོ་ཞིག་ཀྱང་རེད།
དབང་སྐྱོན་བྱ་གཞག་ལ་རོགས་སྐྱོར་བྱས་པས་ཕུགས་འདུན་མངོན་དུ་འགྱུར་བ།
སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་རིང་། བོད་ཀྱི་འཐུས་མི་ཚོགས་པས་ལུས་རྩལ་པ་73སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་9ཡི་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་ཞུགས་རུ་ཁག་5དང་ལུས་རྩལ་པ་29ལ“ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་བྱ་དགའ”ཐོབ་ནས་འགྲན་བསྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་བྱ་དགའ་ཐོབ་པ་རེད།
གཟེངས་རྟགས་རེ་རེ་ཚང་མར་བོད་ཀྱི་དབང་སྐྱོན་ལུས་རྩལ་པའི་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་འདུས་ཡོད་ལ། དེ་ནི་བོད་ཀྱི་དབང་སྐྱོན་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
“རང་ལྗོངས་ཀྱི་དབང་སྐྱོན་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། ལྗོངས་ཐད་གཏོགས་སྡེ་ཚན་ཁག་གི་རྒྱབ་སྐྱོར་ཆེན་པོ་དང་རྒྱ་ཆེའི་དབང་སྐྱོན་ལས་དོན་པའི་འབད་འཐབ་དང་ཡང་ཁ་འབྲལ་ཐབས་མེད”ཅེས་རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་དཔོན་ཧུང་ཝེས་བཤད།
ཧུང་ཝེས“འགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ། ང་ཚོས་རིམ་ཁག་དབང་པོ་སྐྱོན་ཅན་གྱི་མང་ཚོགས་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། བདེ་ཐང་སླར་གསོའི་ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་པ་དང་། དབང་སྐྱོན་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གཏིང་ཟབ་བཅས་བྱས་ནས། དུས་རབས་གསར་པའི་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་ལེགས་པའི་ངང་འཁུར་རྒྱུ་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།