དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དམངས་ཀྱི་རེ་འདུན”ཉན། “དམངས་འཚོར”ཕན་པ་བཏགས།

    ​ལྷ་རི་རྫོང་གི“འབྲོག་པའི་ཇ་ཁང”རྩེ་གྲ་ཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-17

    འདི་ནི་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གྱི་བདེ་སྐྱིད་དང་ཡར་རྒྱས་སྡེ་ཁུལ་ཏང་དམངས་བྱེད་སྒོ་ལྟེ་གནས་ཀྱི་འབྲོག་ཁྱིམ་དཔེ་ཁང་དུ་ཕྲུ་གུ་ཚོས་དཔེ་དེབ་ལ་ལྟ་བཞིན་པ།

    ས་བབ་སྨི་4500ཟིན་པའི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གྱི་འབྲོག་པའི་བདེ་སྡོད་གླིང་དུ“འབྲོག་པའི་ཇ་ཁང”ཞེས་པའི་སྡེ་ཁུལ་བཅོས་སྐྱོང་གི་སྤུས་རྟགས་འདི་ལས་གསོན་ཤུགས་རྒྱུན་མཐུད་འདོན་བཞིན་ཡོད་ཅིང་། ཐོག་སོ་མཐོ་བའི་སྡོད་ཁང་གི་ཆུ་མཁོ་འདོན་སྒྱུར་བཀོད་དང་། གྲོང་ཚོ་རིམ་པའི་ཁྲུས་ཁང་འཛུགས་སྐྲུན། སྡེ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་སོགས་དམངས་འཚོའི་དོན་དངོས་རེ་རེ་བཞིན་ལག་ལེན་བསྟར་བས། སྡེ་ཁུལ་གྱི་དུད་ཚང་805ཡི་གྲོང་མིས་དམངས་འཚོ་ལེགས་སུ་བཏང་བ་ལས་བྱུང་བའི་དྲོ་སྐྱིད་དང་ཕན་བདེ་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད།

    “མ་གཞི་ཇ་ཁང་ནི་མང་ཚོགས་ཁ་ལག་ཟ་ས་དང་ལྷོད་ལྷོད་ངང་ཁ་བརྡ་གློད་ནས་སྡོད་ས་ཞིག་ཡིན། ང་ཚོས་སྤུས་རྟགས་འདི་བཏོད་དོན་ནི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་དམངས་ཀྱི་བསམ་འདུན་ཉན་ཏེ་ཚང་མའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཡིན”ཞེས་བདེ་སྐྱིད་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཀྲ་ཤིས་བཟང་མོས་ངོ་སྤྲོད་བྱས་ཤིང་། ཁོང་གིས། 2025ལོའི་ཟླ་5པ་ནས་བཟུང་། ཨར་རྩ་གྲོང་རྡལ་གྱི་བདེ་སྐྱིད་དང་ཡར་རྒྱས་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས“འབྲོག་པའི་ཇ་ཁང”ཞེས་པའི་སྡེ་ཁུལ་བཅོས་སྐྱོང་གི་སྤུས་རྟགས་གཏོད་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ཏེ། ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་བ་དང་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་དམངས་འཚོའི་རྣམ་གྲངས་ལག་བསྟར་བྱས་ཡོད་ཅེས་བརྗོད་པ་རེད།

    ཐོག་སོ་མཐོ་བའི་སྡོད་ཁང་གི་གྲོང་མིས་ཆུ་སྤྱོད་དཀའ་བའི་ཐད་བཏོན་པའི་བསམ་འཆར་ལ་དམིགས་ནས། གྲོང་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་78ལྷག་ཙམ་བརྩོན་ལེན་བྱས་ཏེ་ཆུ་འདོན་སྒྱུར་བཀོད་བྱས་པས་ཐོག་སོ་མཐོ་བར་སྡོད་མཁན་དུད་ཁྱིམ་270ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། སྒོར་ཁྲི་60བཏང་ནས་གྲོང་ཚོ་རིམ་པའི་ཉི་ནུས་ཁྲུས་ཁང་ཆུང་བ་བསྐྲུན་པས་འབྲོག་པ་རྣམས་གྲང་ངར་ཆེ་དུས་ཀྱང་གཟུགས་པོ་འཁྲུད་ཐུབ་པ་བྱུང་ཡོད། རྣམ་གྲངས་དེ་དག་ནི་དམངས་ཀྱི་རེ་འདུན་ཉན་ནས་བྱུང་བ་མ་ཟད། དོན་འཁྱོལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་བློ་ལའང་བབས་ཡོད་པ་རེད།

    “སྔོན་ཆད་གྲོང་པ་ཁྱིམ་མཚེས་དབར་འབྲེལ་འདྲིས་ཉུང་ནའང་ད་ཆ་ཕར་འགྲོ་ཚུར་འོང་བྱེད་ཚད་ཇེ་མང་དུ་ཕྱིན་པ་དང་། ཚང་མ་རྒྱུན་དུ་མཉམ་འཛོམས་བྱེད་ཀྱི་ཡོད་པས་འབྲེལ་བ་ཇེ་ཡག་ཏུ་འགྲོ་བཞིན་འདུག”ཅེས་གྲོང་མི་འགྱུར་མེད་ཀྱིས་བཤད། སྤྲོ་སྣང་ལུས་རྩལ་གྱི་གཞོགས་འདེགས་ཁྲོད་དང་སྐད་ཡིག་སློབ་སྦྱོང་གི་སྤེལ་རེས་མཉམ་འགུལ་ནང་སྡེ་ཁུལ་བཅོས་སྐྱོང་གི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། སྡེ་ཁུལ་གྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གྲོང་སྡོད་ལས་དོན་རུ་ཁག་གིས“འབྲོག་པའི་ཇ་ཁང”ཞེས་པའི་སྤུས་རྟགས་ཀྱི་ནང་དོན་མུ་མཐུད་ཟབ་ཏུ་བཏང་ནས་དེ་ཉིད་མང་ཚོགས་གཅིག་འདུས་དང་། མང་ཚོགས་ལ་ཞབས་ཞུ། སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་སློང་བཅས་བྱེད་པའི་ལས་སྟེགས་གལ་ཆེན་དུ་བསྐྲུན་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་བྱེད་པའི་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།