དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་རང་ལྗོངས་སུ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཁྲ་ཁྲི་53.92བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-17

    ཉེ་ཆར། གསར་འགོད་པར་2025ལོའི་བོད་ཀྱི་རྒན་རྒོན་བྱ་གཞག་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་དང་། རྒན་གསོའི་ཞབས་ཞུ། བདེ་ཐང་འདེགས་སྐྱོར་བཅས་ཀྱི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་རིམ་རྩིས་བརྒྱབ་ན་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཁྲ་ཁྲི་53.92བཟོས་པ་དང་གྲོན་དངུལ་སྒོར་དུང་ཕྱུར་1.61འཇལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞིའི་ལྡབ་2ཟིན་པ་ལས་མི་ཁྲི་31.82ལ་ཕན་པ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རང་ལྗོངས་ཀྱི་མི་979ལ་རྒན་གསོའི་ཞབས་ཞུའི་རྩལ་ནུས་རིམ་ལྡན་ལག་ཁྱེར་རག་པ་དང་རྒན་རྒོན་ཁྲི་25ལྷག་ཙམ་ལ་གྲོང་མའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་འགྲོ་གྲོན་སྒོར་དུང་ཕྱུར་1ལྷག་ཙམ་ཚབ་འཇལ་བྱས་པ་དང་། རྒན་རྒོན་གྱི་སྨན་རིན་སྒོར་དུང་ཕྱུར་15ལྷག་ཙམ་རྩིས་ཞུ་བྱས་པ་རེད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ལྷ་མོ་སྒྲོལ་མས། 2025ལོར་ལྗོངས་ཡོངས་ཀྱི་རྒན་རྒོན་3000ལ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་རྒན་རྒོན་ཁྲི་1.77ལ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་རྒྱུ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དུས་མཚུངས་ལས་ཆ་སྙོམས་8.4%འཕར་ཡོད་པ་བཅས་རེད། ལྗོངས་ཡོངས་སུ་རྒན་རྒོན་གྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་མཁན་ཁྱོན་མི་ཐེངས་ཁྲི་5.5ཟིན་པ་དང་། ལོ་60དང་དེའི་ཡན་གྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་རྒན་རྒོན་ཁྲི་4.27ལྷག་ཙམ་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས་ལ་སྒོར་དུང་ཕྱུར་2.7སྤྲད་པ་རེད་ཅེས་བཤད།

    གྲངས་གཞི་ལས་མངོན་པར། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་རིམ་པ་གཉིས་པ་དང་དེའི་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་62%ལ་རྒན་རྒོན་གྱི་གསོ་རིག་སྡེ་ཁག་བཙུགས་ཡོད། ལོ་65ཡན་གྱི་རྒན་རྒོན་གྱི་བདེ་ཐང་ལ་དོ་དམ་ཞབས་འདེགས་ཞུ་ཚད་80%ལྷག་ཙམ་ཟིན་ཡོད། ལྗོངས་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80བསྐྲུན་ནས་རྒན་རྒོན་5825ལ་གཅིག་སྡུད་བསྙེན་བཀུར་བྱེད་བཞིན་ཡོད་པ་དང་། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་65དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་195བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།