དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོཌ་འདུའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས། གྲོང་ཁྱེར་འདི་ཉིད་སྐྱེ་ལྡན་ཚེ་སྲོག་མ་ལག་ལ་བརྩིས་ནས་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་པར་བརྟེན་གྲོང་ཁྱེར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་མ་ཐེབས་པ་མ་ཟད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཆུ་ཚད་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་རིམ། འཆར་འགོད་འཛུགས་སྐྲུན་གྱི་བཅོས་སྐྱོང་ཆུ་ཚད། གནས་འཕྲོད་ལས་འཚམ་གྱི་ཆུ་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཆུ་ཚད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་ཧ་ཅང་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ལའང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་གཅིག་འཕྲད་ཡོད། སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སྐབས་ནས་འཕེལ་རྒྱས་བརྟན་པོ་འགྲོ་བའི་དུས་སྐབས་སུ་སྒྱུར་བཞིན་ཡོད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱང་གཞི་ཁྱོན་ཆེན་པོས་འཕར་འབོར་རྒྱ་སྐྱེད་འགྲོ་བའི་དུས་མཚམས་ནས་གསོག་འབོར་གྱི་སྤུས་འབྲས་ལེགས་གཉེར་གཙོ་བོར་བྱེད་པའི་དུས་མཚམས་སུ་སྒྱུར་བཞིན་ཡོད།

    རྩོམ་ཡིག་ནང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་པའི་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་ནན་ཏན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། གྲོང་ཁྱེར་གྱི་གོ་དོན་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་གཙོ་རྐང་དུ་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱེད་པ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་གཏོང་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་རྒྱུན་འཛིན་སྐྱོང་། བཅོས་སྐྱོང་ནུས་ཆེ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་དགོས།

    རྩོམ་ཡིག་ནང་བསྟན་དོན། སྤྱིའི་བླང་བྱ་འདི་དོན་འཁྱོལ་བྱེད་པའི་འགག་རྩ་ནི་གྲོང་ཁྱེར་གྱི་གོ་དོན་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རྩ་དོན་གལ་ཆེན་ཞིག་ལ་དམ་འཛིན་ཏན་ཏིག་བྱེད་པར་ཐུག་ཡོད་ཅིང་། གཅིག་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། གཉིས་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་ལེགས་བསྡུས་ཕན་ཆེར་དེ་བས་གཙིགས་ཆེན་བྱེད་དགོས། གསུམ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་ལ་དེ་བས་གཙིགས་ཆེན་བྱེད་དགོས། བཞི་ནས་གྲོང་ཁྱེར་ལས་དོན་གྱི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་ལ་མ་དངུལ་གཏོང་བར་དེ་བས་གཙིགས་ཆེན་བྱེད་དགོས། ལྔ་ནས་གྲོང་ཁྱེར་ལས་དོན་གྱི་བྱེད་ཐབས་བསྒྱུར་ནས་སྤྱི་འདོམས་མཐུན་སྦྱོར་ལ་དེ་བས་གཙིགས་ཆེན་བྱེད་དགོས།

    རྩོམ་ཡིག་ནང་གྲོང་ཁྱེར་ལས་དོན་གྱི་གཙོ་གནད་ལས་འགན་ཕྱོགས་བདུན་ནས་བཀོད་སྒྲིག་བྱས་པ་སྟེ། གཅིག དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུར་དམིགས་ནས། ཚོགས་སྒྲིག་རྣམ་པ་དང་དྲ་རྒྱ་ཅན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་འཁོར་རྒྱ་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་གྲས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས། གསོན་ཤུགས་ཆེ་བའི་གསར་གཏོད་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆ་དང་རྨང་གཞིའི་ཆ་རྐྱེན་ལ་གཞི་ཚུགས་ཏེ། གསར་གཏོད་ཁོར་ཡུག་སྐྱེད་སྲིང་ཞིབ་ཚགས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཚད་བརྒལ་རྒྱུན་ཆད་མེད་པ་ཡོང་བ་བྱེད་དགོས། དེ་སྔོན་གྲོང་ཁྱེར་འཛུགས་སྐྲུན་རྒྱ་སྐྱེད་སྐབས་ཀྱི་ཆབ་སྲིད་ལམ་ལུགས་དག་སྒྱུར་བཅོས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ་སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱེད་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཁྲོད་གྲོང་ཁྱེར་གྱི་འགག་རྩའི་ནུས་པ་གང་ལེགས་བཏོན་ནས། སྒོ་དབྱེ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས། གསུམ། སྐྱིད་སྣང་དོད་ལ་སྟབས་བདེ་བའི་གནས་འཕྲོད་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། མི་འབོར་དང་། ཐོན་ལས། གྲོང་ཁྱེར་དང་གྲོང་རྡལ། འགྲིམ་འགྲུལ་བཅས་གཞི་གཅིག་ཅན་འཆར་འགོད་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་གྱི་བར་མཐོངས་གྲུབ་ཆ་ལེགས་སུ་གཏོང་བ་དང་འགྲིམ་འགྲུལ་སྒྲིག་བཀོད་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་བཟོས་ནས། མང་ཚོགས་ཀྱི་ངེས་མཁོའི་ཁང་པ་དང་སྣ་མང་ཅན་གྱི་ལེགས་སྒྱུར་ཁང་པའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་བ་དང་གྲོང་ནང་གྲོང་ཚོ་དང་ཉེན་ཡོད་སྡོད་ཁང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། བདེ་ཐང་དང་ཁྱིམ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཐོན་ཁུངས་ཀྱི་རྒྱང་ལྟའི་རང་བཞིན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་དང་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་ལས་གྲྭ་ལག་ལེན་བསྟར་བ་བཅས་བྱེད་དགོས། བཞི། ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། ནུས་རྒྱུ་དང་། མདོང་དྲ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་ཆུ་དང་མཚེའུའི་མ་ལག་དང་། འདམ་ར་དང་ཆུའི་ཁོར་ཡུག་བཅས་ལ་སྲུང་སྐྱོང་བྱས་ཏེ་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏོང་དགོས། ལྔ། བདེ་འཇགས་དང་བློས་འགེལ་ཆོག་པའི་མཉེན་གཤིས་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཚེ་སྲོག་བདེ་འཇགས་ལས་གྲྭ་བསྐྲུན་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་སྡོད་ཁང་གི་བདེ་འཇགས་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་གྲོང་ཁྱེར་དོ་དམ་གྱི་མ་ལག་ནང་མཉམ་འདྲེས་ནུས་ལྡན་བྱས་ཏེ། གྲོང་ཁྱེར་གྱི་བདེ་འཇགས་ཀྱི་ཉེན་ཁའི་མ་ལག་བཟོ་དགོས། དྲུག བཟང་བཀུར་དགེ་ཕྱོགས་ཀྱི་ཤེས་དཔལ་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཀྱི་རིག་རྒྱུན་དང་། མི་ཆོས་རིག་གནས་དང་ས་ཁམས། རང་བྱུང་མཛེས་ལྗོངས་བཅས་ལ་སྲུང་སྐྱོང་བྱེད་དགོས། གྲོང་ཁྱེར་གྱི་ཤེས་དཔལ་སྐྱེད་སྲིང་ཧུར་ཐག་བྱས་ནས་གྲོང་ཁྱེར་གྱི་དཔལ་ཡོན་གཏོད་དགོས། བདུན། སྟབས་བདེ་དང་ནུས་ཆེའི་རིག་ལྡན་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། གྲངས་རིག་ཅན་གྱི་འཕེལ་ཕྱོགས་ལ་བསྟུན་ནས་གྲོང་ཁྱེར་བཅོས་སྐྱོང་རིག་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་ཚུགས་བཅས་མངོན་གསལ་དོད་དུ་བཏང་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་པར་ངེས་པར་དུ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་ཕྱོགས་ཁག་གི་ལག་བསྟར་ནུས་པ་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།