2025ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གཉིས་ཀ་ཁྲི་3400ལས་བརྒལ་བ།
ཚེས་14ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་3453.1དང་ཁྲི་3440སོ་སོར་ཟིན་པ་དེ་དུས་མཚུངས་ལས་10.4%དང་9.4%སོ་སོར་འཕར་བ་དང་ལོ་གསུམ་བསྟུད་མར་རླངས་འཁོར་ཁྲི་3000ཡན་གྱི་གཞི་ཁྱོན་རྒྱུན་འཁྱོངས་ཐུབ་པ་དང་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོར་གནས་ཡོད།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཧྥུའུ་པིང་ཧྥུང་གིས། “འཛད་ཟོག་རྙིང་པ་གསར་པར་བརྗེ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱེལ། མཁོ་སྤྲོད་ཀྱི་དགོས་མཁོའི་འཚམ་སྒྲིག་རང་བཞིན་ཆེ་བ་སོགས་སྲིད་ཇུས་ཀྱི་སྐུལ་འདེད་འོག རང་རྒྱལ་གྱི་རླངས་འཁོར་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་ཐོན་སྐྱེད་དང་ཕྱིར་ཚོང་མུ་མཐུད་མང་དུ་འགྲོ་བཞིན་ཡོད། རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་རིང་བ་དང་ལས་ཞུགས་བསྡུ་རྒྱ་ཆེ་བས། དཔལ་འབྱོར་འཕར་བར་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། 2025ལོའི་རླངས་འཁོར་ཐོན་ལས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ལས་རང་རྒྱལ་གྱི་དཔལ་འབྱོར་གནོན་ཤུགས་ཆེན་པོའི་ཁྲོད་མདུན་སྐྱོད་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་མཉེན་གཤིས་ཆེན་པོ་དང་སྒུལ་ནུས་ཆེན་པོ་མངོན་ཡོད”ཅེས་བརྗོད།
རླངས་འཁོར་ཐོན་ལས་ཀྱི་གསར་གཏོད་གྲུབ་འབྲས་ཆེ་བ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གོ་ལ་ཧྲིལ་པོར་ཁྱབ་ཡོད། 2025ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1662.6དང་ཁྲི་1649སོ་སོར་ཟིན་པ་དེ་དུས་མཚུངས་ལས་29%དང་28.2%སོ་སོར་འཕར་ནས་ལོ་11བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོར་གནས་ཤིང་། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་དེ་རླངས་འཁོར་གསར་པ་ཕྱིར་ཚོང་བསྡོམས་འབོར་གྱི་47.9%ཟིན་ཡོད།
སྒུལ་ཤུགས་གློག་རྫས་རབས་གསར་པ་དང་། གློག་རྡུལ་གློག་རླངས་སྒྲོམ་གཞི། རིག་ནུས་གྲུ་ཁང་། རིག་ནུས་རམ་འདེགས་ཁ་སྒྱུར་སོགས་འགག་རྩའི་ལྟེ་བའི་ལག་རྩལ་མུ་མཐུད་ཚད་བརྒལ་བྱུང་ཡོད། 2025ལོར་ཧྥུའུ་800ཡི་མཐོ་གནོན་ཐཱན་འགྱུར་སྭེལ་ལས་སྟེགས་དང་སྐར་མ་15ཡི་ནང་གློག་80%མྱུར་པོ་གསོག་པའི་ལག་རྩལ་འབོར་ཆེན་བེད་སྤྱོད་བྱས་པ་དང་L3རིམ་པའི་ཆ་རྐྱེན་འཛོམས་པའི་རང་འགུལ་ཁ་སྒྱུར་གྱི་རླངས་འཁོར་ཁག་དང་པོར་ཆོག་འཐུས་ལག་ཁྱེར་རག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།