“ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་གྱིས་འཆར་གཞི་ལྟར་ན་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་10ལས་བརྒལ་བ་བྱ་རྒྱུ་ཡིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་2026ལོའི་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2030ལོར་སླེབས་སྐབས། མཚོ་སྔོན་གྱིས་འཆར་གཞི་ལྟར་ན“ཚད་བརྒལ་གཉིས”(གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་10ལས་བརྒལ་བ་དང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་6000ལས་བརྒལ་བ)དང་། “མཐོར་འདེགས་གསུམ”(རྫོང་གྲོང་དུ་རིམ་པ་དང་པོའི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་85%དང་། ཤང་གྲོང་དུ་རིམ་པ་གསུམ་པའི་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་93% མི་འབོར་ཅུང་མང་བའི་རང་བྱུང་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་85%བཅས་ཟིན་པ) “སྦྲེལ་མཐུད་བཞི”(ཁྱམས་ལམ་སྦྲེལ་མཐུད་དང་། གྲོང་ཁྱེར་སྦྲེལ་མཐུད། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད། མཛེས་ལྗོངས་ཁུལ་དབར་སྦྲེལ་མཐུད)བཅས་མངོན་འགྱུར་ཐུབ་པར་བྱས་ཏེ། བདེ་འཇགས་དང་། སྟབས་བདེ། ནུས་ཆེ། ལྗང་མདོག གྲོན་ཆུང་། བསྟུན་མཁས། མཉེན་གཤིས་བཅས་ལྡན་པའི་དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རགས་ཙམ་སྐྲུན་ཐུབ་པ་བྱ་རྒྱུ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དེ་ཉིད་རྨང་གཞིའི་སྒྲིག་བཀོད་དྲ་སྦྲེལ་དང་། དྲ་གསབ། སྦྲེལ་མཐུད་ཤུགས་ཆེན་བཅས་ཀྱི་འགག་སྒྲོལ་དུས་སྐབས་དང་། སྐྱེལ་འདྲེན་ཞབས་ཞུའི་མ་གནས་དམའ་རུ་དང་སྤུས་འབྲས་ལེགས་གཉེར་གྱི་མྱུར་འཕེལ་དུས་སྐབས། ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་བསྐྱར་འཕེལ་གྱི་ཕྱོགས་སྒྱུར་དུས་སྐབས། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་སེལ་བའི་འགག་རྩའི་དུས་སྐབས་བཅས“དུས་བཞི་མཉམ་འཁེལ”གྱི་འཐབ་ཇུས་འགག་སྒོའི་མཚམས་སུ་སླེབས་རྒྱུ་རེད། བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲན་སློང་ལ་ཁ་གཏད་དང་གོ་སྐབས་ལ་དམ་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“དམིགས་ཚད་གཅིག་ལ་དམིགས་པ་དང་། ཕྱོགས་བཞི་མཉམ་སྒུལ་ལ་ཤུགས་སྣོན། འབྲེལ་བ་ཆེན་པོ་ལྔར་སྤྱི་འདོམས། ཁ་ཕྱོགས་ཆེན་པོ་དྲུག་ཁ་གསལ་བཟོ་བ་བཅས”ཀྱི“1456”གི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།
“དམིགས་ཚད་གཅིག་ལ་དམིགས་པ”ནི“དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་མཚོ་སྔོན་གྱི་ལེའུ་མགྱོགས་མྱུར་རྩོམ་པའི”འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་པ་དེ་ཡིན། “ཕྱོགས་བཞི་མཉམ་འགུལ”ལ་ཤུགས་སྣོན་རྒྱག་པ་ནི། “རྨང་གཞི་བརྟན་དུ་གཏོང་བ་དང་། ཞབས་ཞུ་ལེགས་སུ་གཏོང་བ། སྒུལ་ནུས་ཆེ་རུ་གཏོང་བ། ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས”ཕྱོགས་བཞི་མཉམ་སྐྱོད་ཀྱི་རྣམ་པ་ཆགས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཆགས་པར་བྱ་རྒྱུ་དེ་ཡིན། “འབྲེལ་བ་ཆེན་པོ་ལྔར”སྤྱི་འདོམས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་ལྟེ་བའི་རིན་ཐང་གི་སྟོན་ཕྱོགས་དང་རྩ་བའི་གཞི་འཛིན་ས་ཡིན་ཏེ། དེ་དག་ནི“སྤྱི་འབོར་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བའི”བར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་དང་། “སྣེ་ཁྲིད་དཔེ་སྟོན་དང་ཐ་སྐྱོང་འགན་སྲུང”བར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ། “བགྲོད་ལམ་ཆེན་པོར་ཤུགས་སྣོན་དང་འཁོར་རྒྱུག་ཆུང་ངུ་ཐུབ་པའི”བར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ། “སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར”བར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ། “ལྗང་མདོག་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས”བར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བཅས་བྱེད་པ་དེ་ཡིན། “གཙོ་རྒོལ་གྱི་ཁ་ཕྱོགས་ཆེན་པོ་དྲུག”ཁ་གསལ་བཟོ་བ་དང་། ལས་འགན་ཡིག་ཆ་དང་། དུས་ཚོད་བཀོད་སྒྲིག་རེའུ་མིག ལམ་ཐིག་དཔེ་རིས་བཅས་བཟོ་བ། འགག་རྩའི་ཁྱབ་ཁོངས་ཀྱི་བྱ་སྤྱོད་ཕྱོགས་སྟོན་དང་ལག་བསྟར་བྱ་ཐབས་ཆགས་པར་བཅས་བྱས་ཏེ། ཕྱི་ཕྱོགས་བགྲོད་ལམ་ཕན་ཚུན་སྦྲེལ་མཐུད་དང་། ས་ཁོངས་ལམ་དྲ་ནུས་ཆེ་ཤར་གཏོང་། འགྲིམ་འགྲུལ་ཐོན་ལས་གསར་གཏོད་མཉམ་འདྲེས། གྲངས་རིག་ཕྱོགས་སྒྱུར་ལ་ལྗང་མདོག་གིས་མཐུན་རྐྱེན་སྦྱོར་བ། བདེ་འཇགས་མཉེན་ཤུགས་ཀྱིས་འགན་སྲུང་བརྟན་པོ་བྱེད་པ། ཟོག་འགྲེམས་ཀྱི་མ་གནས་དམའ་རུ་བཏང་ནས་སྤུས་འབྲས་ལེགས་གཉེར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།