མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་2026ལོའི་མངོན་མིན་རིག་གནས་ཤུལ་བཞག་མཚན་ཚོགས་སུ་སྟོན་རྒྱུ་ཡིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་11ནས་ཚེས་15ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་3དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་འཁྲབ་སྟོན་པ་35སྒྲིག་འཛུགས་བྱས་ནས་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་དེ། 《2026ལོའི་མངོན་མིན་རིག་གནས་ཤུལ་བཞག་མཚན་ཚོགས》ཀྱི་མཚོ་སྔོན་ལེ་ཚན་ཕབ་བཟོའི་ལས་དོན་སྤེལ་བ་རེད། 《2026ལོའི་མངོན་མིན་རིག་གནས་ཤུལ་བཞག་མཚན་ཚོགས》ལེ་ཚན་ནང“མངོན་མིན་རིག་གནས་ཤུལ་བཞག+”གི་ལྟེ་བའི་གོ་དོན་ཁྱབ་པར་བྱས་ཐོག་མངོན་མིན་རིག་གནས་ཤུལ་བཞག་གིས་མཛེས་སྡུག་ལྡན་པའི་འཚོ་བར་མཐུན་རྐྱེན་སྦྱོར་བའི་དུས་རབས་ཀྱི་གསོན་ཤུགས་མངོན་ཐབས་དང་ཀྲུང་ཧྭའི་ཤེས་དཔལ་བརྒྱུད་སྤྲོད་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ཡོད།
གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 《2025ལོའི་མངོན་མིན་རིག་གནས་ཤུལ་བཞག་མཚན་ཚོགས》ཀྱིས་དུས་མཚུངས་ཀྱི་དུས་ཚོད་ནང་ལྟ་ཚད་ཨང་དང་པོའི་གྲུབ་འབྲས་བཟང་པོ་བཏོད་དེ་ཐོག་མར་སྟོན་པ་དང་བསྐྱར་སྟོན་ལ་ཁྱོན་ལྟད་མོ་ལྟ་མཁན་དུང་ཕྱུར་1.79བྱུང་ཡོད། ད་རེས་ཀྱི་མཚན་ཚོགས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས། ལག་ཤེས་བཟོ་བོས་དཔྱིད་གསར་དུས་ཆེན་བསུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ནང་འདུས་པའི་དཔྱིད་གསར་དུས་ཆེན་གྱི་ཁྱད་ཆོས་དང་བརྩེ་སེམས་མཚོན་རྟགས་མང་པོ་སྔོག་འདོན་བྱས་ནས། མཉམ་དུ་དཔྱིད་གསར་དུས་ཆེན་བསུ་བའི་དགའ་སྤྲོའི་རྣམ་པའི་ཁྲོད་ལྷོ་བྱང་སྦྲེལ་མཐུད་དང་གནའ་དེང་མཉམ་འདྲེས་ཀྱི་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཉམ་སྤྲོ་ཆེན་པོ་ཞིག་བཏོད་པའི་ཐོག ཁྱོན་ཡོངས་ནས་མཐོང་ཐུབ་པའི་སྒོ་ནས་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་34ལ་ཁྱབ་ཅིང་ཞིང་ཆེན་རིམ་པའི་སྲིད་འཛིན་ཚང་མར་རང་རང་གི་ལེ་ཚན་རེ་བཀོད་སྒྲིག་བྱས་ཡོད། ལེ་ཚན་འདི་དཔྱིད་གསར་དུས་ཆེན་གྱི་ཚེས་གཉིས་དང་གསུམ་ཉིན་གྱི་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ནས་སྟོན་རྒྱུ་ཡིན་པ་རེད།
《2026ལོའི་མངོན་མིན་རིག་གནས་ཤུལ་བཞག་མཚན་ཚོགས》མཚོ་སྔོན་ལེ་ཚན་གྱིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་བརྗོད་དོན་གཙོ་བོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་བཟོ་དང་གསར་རྩོམ་བྱས་པའི་ཞབས་བྲོའི་འཁྲབ་ཚན《རྨ་ཆུ་དང་ཙོང་ཆུ》ལས་དུམ་བུ་གསུམ་གཙོ་གནད་དུ་བདམས་ནས་མཚོ་སྔོན་གྱི་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཞིང་ཆེན་རིམ་པའི་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་གསོན་ཉམས་དོད་པོས་བསྟན་ནས། ཀྲུང་ཧྭའི་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་གང་ལེགས་མངོན་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།