རྣམ་པ་གསར་པ་བཏོད་ནས་མཛེས་རིས་ལེགས་པར་བཀོད། དམངས་འཚོ་ལེགས་སུ་བཏང་ནས་བདེ་རྩ་ཆེ་རུ་བཏང་།
—— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁྲོམ་གཞུང་གིས་གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི“བྱ་སྤྱོད་བཅུ”ལ་སྐུལ་འདེད་ཏན་ཏིག་བཏང་བ།
མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་ཧུར་ཐག་བསྐྲུན། མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ། 2025ལོའི་ཟླ་6པ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གྲོང་ཁྱེར་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་དམིགས་པ་དང་གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི“བྱ་སྤྱོད་བཅུ”ལག་ལེན་ཤུགས་ཆེན་བསྟར་ཏེ། གྲོང་ཁྱེར་དོ་དམ་དེ་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ཁོར་ཡུག་མཛེས་སྡུག་དང་། གནས་འཕྲོད་ལས་འཚམ། ཡུན་རིང་བཅོས་སྐྱོང་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད། གཙོ་གནད་བཅོས་སྐྱོང་ས་ཁོངས་ཤིག་ཡིན་པའི་སྣེ་གདོང་ཁྲོམ་གཞུང་གིས་དམིགས་ཚད་གཏན་འཁེལ་དང་གནད་སྨིན་ཤུགས་འདོན་གྱིས་དམངས་འཚོའི་བྱ་བ་དངོས་རྣམས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོབ་པར་བྱས་པ་བརྒྱུད། མང་ཚོགས་ཀྱིས་གྲོང་ཁྱེར་གསར་གཏོད་ཁྲོད་ནས་སྐྱིད་སྣང་མང་པོ་ཚོར་ཐུབ་ཡོད།
མང་ཚོགས་ཁང་བཟང་དུ་བདེ་སྡོད་ཐུབ་པར་བྱས་ལ་དེ་བས་བློ་བདེ་ཡོང་བར་བྱས་ཤིང་། སྣེ་གདོང་ཁྲོམ་གཞུང་གིས་སྡེ་ཁུལ་དང་དེ་བཞིན་གཤམ་སྐྱོད་ཆེད་སྒྲུབ་ཚོགས་ཆུང་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འགན་འཁྲི་གཙང་ལེན་གྱི་ཚོགས་ཆུང་ཁག་11ཕྱེ་ཞིང་། སྲིད་ཇུས་སྒྲོག་འགྲེལ་དང་། སློབ་གསོ་ཁྲིད་སྟོན། དོགས་གནད་ལན་འདེབས་སོགས་གནད་འཁེལ་བྱེད་ཐབས་སྤྱད་དེ་ལས་དོན་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། “ང་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ‘དུད་ཚང་རེར་ཡིག་ཚགས་རེའི’ཆ་འཕྲིན་མཛོད་བཙུགས་པ་མ་ཟད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བཀོད་སྒྲིག་སྡོད་ཁང་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ཀྱི་རེ་འདུན་ནན་ཏན་ཉན་པ། བསམ་བློའི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབས་པ། མང་ཚོགས་ལ་ཁྲིམས་ལྟར་འོས་འགན་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་ཡིན”ཞེས་སྣེ་གདོང་ཁྲོམ་གཞུང་གི“བྱ་སྤྱོད་བཅུ”གཤམ་སྤེལ་ཆེད་སྒྲུབ་ཚོགས་ཆུང་གི་ཁོངས་མི་བསོད་ནམས་དབང་ཆེན་གྱིས་ངོ་སྤྲོད་བྱས།
“འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ལ་དམིགས་ཏེ། ང་ཚོས་སྒོ་རྩར་ཞབས་འདེགས་ཞུ་བར་བསྐྱོད་ནས་ལག་ཁྱེར་གཉེར་བའི‘མཐའ་མའི་འགག་གནད’བསལ་ཡོད” མིག་སྔའི་བར་མང་ཚོགས་ལ་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་265གཉེར་བ་དང་མང་ཚོགས་ཀྱི་འདོད་བློ་ལྟར་སྒོ་རྩར་ས་ཆ་ནང་བཤུག་གི་འགྲོ་ལུགས་45གཉེར་བར་བསྐྱོད་པ་ཡིན་ཞེས་སྣེ་གདོང་ཁྲོམ་གཞུང་གི“བྱ་སྤྱོད་བཅུ”གཤམ་སྤེལ་ཆེད་སྒྲུབ་ཚོགས་ཆུང་གི་ཁོངས་མི་དཔལ་འབྱོར་རྡོ་རྗེས་བཤད།
ད་ལྟའི་སྣེ་གདོང་ཁྲོམ་གཞུང་དུ་གྲོང་ཁྱེར་གྱི་རྣམ་པ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བ་དང་དམངས་འཚོའི་བདེ་རྩ་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི“བྱ་སྤྱོད་བཅུ”ལ་སྐུལ་འདེད་གཏིང་ཟབ་བཏང་བ་བརྒྱུད་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་དང་དྲོ་སྐྱིད་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།