གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་བཏང་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་གིས“རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། མཉམ་འགུལ་དྲི་བ་དྲིས་ལན་བཅས་ཟུང་དུ་འབྲེལ་བའི”ཕྱོགས་གསུམ་གཞི་གཅིག་གི་རིག་རྩལ་སྐོར་འཁྲབ་བྱེད་སྒོ་སྤེལ་ནས། རིགས་པའི་གཞུང་ལུགས་ཁྱབ་སྤེལ་གྱི“མཐའ་མའི་འགག་གནད”ཧུར་ཐག་བསལ་བ་རེད།
རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལྷུ་ཚིགས་སུ། “སྡེ་ཁུལ་རེར་བརྗོད་དོན་གཙོ་བོ་རེ་དང་། སྒྲོག་འགྲེལ་ལ་དམིགས་ཡུལ་ཡོད་པའི”ལྟེ་བའི་རྩ་དོན་ལ་དམ་པོར་གཞིགས་ནས། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དེ་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་འཁེལ་བྱས་ཤིང་། ཆུ་ཤར་སྡེ་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམིགས་ནས“སྲིད་ཇུས་དང་ལག་ལེན་ཟུང་དུ་འབྲེལ་བའི”བྱ་ཐབས་བརྒྱུད། འཕེལ་རྒྱས་ཀྱི་ཁེ་སྤོགས་སྐོར་ལ་གསལ་འགྲེལ་བརྒྱབ་པ་དང་། བུམ་ཆབ་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་དམིགས་ཏེ་དཔེ་མཚོན་ལ་བརྟེན་ནས་གསར་གཏོད་ཀྱི་ཐབས་ལམ་དབྱེ་ཞིབ་བྱས་པ་རེད། ལྕང་ལོ་ཁང་གསར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་ཏེ་མི་རིགས་ཁག་དབར་འགྲོ་འོང་བྱེད་པའི་གཏམ་རྒྱུད་ལ་བརྟེན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། མཐུན་སྒྲིལ་སྡེ་ཁུལ་གྱིས་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད། ལྗའུ་གྲང་སྡེ་ཁུལ་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་འགྲེལ་བཤད་བརྒྱབ་ནས་གཞི་རིམ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ཆུ་ཤར་སྡེ་ཁུལ་གྱི་གྲོང་མི་དོན་གྲུབ་ཀྱིས“སྒྲོག་འགྲེལ་གྱི་ནང་དོན་ཚང་མ་ང་ཚོས་དོ་ཁུར་བྱེད་པའི་དོན་དག་ཤ་སྟག་རེད་འདུག་ལ། འགྲེལ་བཤད་ཀྱང་གསལ་པོ་རྒྱག་གི་འདུག སྲིད་ཇུས་བཟང་པོར་བརྟེན་ན་འཚོ་བ་སྐྱིད་པོ་ཡོང་ངེས་རེད”ཅེས་བརྗོད།
རིག་རྩལ་འཁྲབ་སྟོན་ལྷུ་ཚིགས་སུ། སྡེ་ཁུལ་5ཡི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་། དེའི་ནང《ཏང་གི་སྲིད་ཇུས་བཟང་པོ》སོགས་ཀྱི་གསར་རྩོམ་བརྩམས་ཆོས་ཡོད་པ་མ་ཟད། སྲིད་ཇུས་ཀྱི་ནང་དོན་ལྡན་པའི་བརྩམས་ཆོས་ཀྱང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།