ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་གཞག་ལ། འཕེལ་རྒྱས་གསར་པའི་དཔྱིད་དཔལ་རབ་ཏུ་བཞད།
——བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་དངོས་བྲིས།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་དམིགས་ནས། འཕེལ་རྒྱས་ཀྱི་འགག་རྩའི་གནས་ལ་སྟངས་འཛིན་གནད་སྨིན་དང་། རིགས་དབྱེའི་སློབ་གསོའི་མཚམས་ཐིག་ཞིབ་ཚགས་བཟོ་བ། ནུས་ལྡན་གྱི་ལྟ་སྐུལ་བྱེད་ཁྱོན་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཅས་བྱས་ཏེ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དེ“གྲངས་ཚད”ནས“སྤུས་ཚད”དང་དེ་བཞིན“རྣམ་པ”ནས“ཕན་འབྲས”བར་ཡར་རྒྱས་ཡོང་བར་སྐུལ་འདེད་གང་ལེགས་བཏང་བས། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“གསར་བརྗེའི་སྒུལ་ནུས”ཆེན་པོ་བསྣན་ཡོད་པ་རེད།
འབྱུང་རྩ་ནས་ལྟ་འདོམས་བྱེད་པར་དམིགས་ཏེ་དཔུང་ཁག་འཛུགས་སྐྱོང་གི“འགག་རྩའི་གནས”ལ་དམ་འཛིན་ནན་པོ་བྱས་པ།
བསམ་གྲུབ་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་ཏང་ཡོན་འཕེལ་རྒྱས་གཏོང་བའི་གནས་བབ་ཨང་དང་པོར་བཞག་ནས། འཁོར་འབྲེལ་ཧྲིལ་པོ་དང་དུས་ཡུན་ཧྲིལ་པོའི་ཆབ་སྲིད་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ་ལག་བསྟར་ནན་པོ་བྱས་པ་རེད། ཏང་ཡོན་འཕེལ་རྒྱས་གཏོང་བའི་དུས་མཚམས་5དང་གོ་རིམ་25ལ་དཔེ་བསྡུར་བྱས་ནས“མི་རེར་ཡིག་ཚགས་རེ་དང་། དོན་དག་རེར་ཐོ་འགོད་རེ། རིམ་པ་རེར་ཞིབ་བཤེར་རེ”བྱེད་པའི་བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་ལྷུ་ཚིགས་རེར་གནད་སྨིན་དོ་དམ་དང་ལྟ་སྐུལ་བྱས་ནས་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་ཚང་མར་ཆབ་སྲིད་ཐད་ཚད་ལོན་པ་དང་བྱང་ཚད་ཐད་ཉམས་སད་ཐེག་པའི་འགན་ལེན་བྱས་ཏེ། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་འབྱུང་རྩ་ནས་ཁག་ཐེག་བྱས་ཡོད།
དེ་དང་ཆབས་ཅིག བསམ་གྲུབ་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཙོ་བོར་བཞག་ཅིང་། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཀྲི་པུའུ་ཡི་བསམ་ཞིབ་ཚོགས་འདུ་བཅས་གཞི་རྟེན་གལ་ཆེན་དུ་བྱས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། རྒྱུན་རྣམ་ཅན་གྱི་སྙིང་གཏམ་ཤོད་རེས་སོགས་ཏང་ཡོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པར“ཆབ་སྲིད་ཐད་ཀྱི་བརྟག་དཔྱད”རྒྱུན་མཐུད་བྱས་པ་རེད།
བསམ་གྲུབ་རྩེ་ཆུས་ཀྱིས་ད་དུང་ཏང་ཡོན་གྱི་རྩ་འཛུགས་ཀྱི་འབྲེལ་བ་སྒྱུར་ལེན་དང་ཡིག་ཚགས་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “སྒྱུར་ན་ངེས་པར་དུ་ཞིབ་བཤེར་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་ཏང་ཡོན་གྱི་ཡིག་ཚགས་དཔྱད་ཡིག་གི་དོན་དངོས་རང་བཞིན་དང་། འཐུས་ཚང་རང་བཞིན། ཚད་ལྡན་རང་བཞིན་བཅས་ལ་ཞིབ་དཔྱད་ནན་པོ་བྱས་པ་རེད།
རིགས་དབྱེ་ཇུས་བསྟར་ལ་སྣང་ཆེན་བྱས་ནས་ཏང་ཡོན་གྱི་བྱང་ཚད“སློབ་གསོའི་མཚམས་ཐིག”ཞིབ་ཚགས་བཟོས་པ།
ཚོགས་སྤྱི་མི་འདྲ་བའི་ཏང་ཡོན་གྱི་ཁྱད་ཆོས་ལ་དམིགས་ནས། བསམ་གྲུབ་རྩེ་ཆུས་ཀྱིས་སློབ་གསོའི་མ་ལག་ཕུན་སུམ་ཚོགས་པོ་བཙུགས་པ་དང་། ད་ཡོད་ཀྱི“གཏན་འཇགས་སློབ་ཚན”སྔར་བས་འཐུས་ཚང་དུ་བཏང་བ། “དབྱིངས་ཞུགས་རྣམ་པའི”སྲིད་གཙང་སློབ་གསོའི་སློབ་ཚན་གསར་དུ་བཙུགས་པ་བཅས་ཀྱི་སྒོ་ནས་ཏང་ཡོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བ་དང་སེམས་རྒྱུད་ལ་འཇགས་པར་སྐུལ་འདེད་བཏང་བ་རེད།
བསམ་གྲུབ་རྩེ་ཆུས་ཀྱིས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་བཅས་སྤེལ་ཞིང་། ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་། དཔེ་ཀློག་འཛིན་གྲྭ ལས་སྒོའི་སློབ་ཁང་ཆེན་པོ་སོགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པར་བློ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་ཐུབ་པ་དང་དད་མོས་བརྟན་པོ་ཡོང་བར་རྒྱུན་མཐུད་ཁྲིད་སྟོན་བྱས་ཡོད།
ཐོན་སླ་བ་དང་ཐོན་མང་བའི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་དང་། ལྷག་པར་དུ་ཞིང་འབྲོག་ཏང་ཡོན་གྱི་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ནས། ཆུས་དེས་གནད་སྨིན་ཇུས་བསྟར་བྱས་པ་དང《ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་གནོད་འཚེའི་གསལ་ཐོ》བཟོས་ནས་བཀྲམ་པ་དང་། ཏང་ཡོན་གྱི་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཉེན་ཟོན་སློབ་གསོའི་འགུལ་རིས་པར་གཞི་བཟོས་ནས། ཉེ་འཁོར་གྱི་དོན་དག་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་སློབ་གསོ་བཏང་བ་རེད།
སློབ་སྤྱོད་ཟུང་འབྲེལ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་མཐའ་འཁྱོངས་བྱས་ཤིང་། གྲོང་གསེབ་ཀྱི་ཏང་གི་སློབ་གྲྭ(མི་སེར་གྱི་སློབ་ཁང)སོགས་ལས་སྟེགས་ལ་བརྟེན་ནས། སྒྲིག་བཤེར་དང་། སྲིད་ཁྲིམས། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་མངགས་ཡོད། ཏང་ཡོན་གྱིས་ལག་ལེན་གྱི་ཉམས་ལེན་ཁྲོད་ནས་སྲིད་ཇུས་དང་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཐུབ་པར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་ཡོད།
དམ་ནན་མཐའ་འཁྱོངས་བྱས་ནས་ལྟ་འདོམས་ཀྱི“ཁྱབ་རྒྱ”ཆེ་རུ་བཏང་བ།
བསམ་གྲུབ་རྩེ་ཆུས་ཀྱིས་བླང་བྱ་ནན་པོ་དེ་ཉིད་ཏང་ཡོན་ལ་ལྟ་འདོམས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་ཡོད།
“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། ཏང་ཡོན་ལ་དམངས་གཙོའི་དཔྱད་བསྡུར་བྱེད་པ་སོགས་ཀྱི་གཞི་རྩའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི“ཕྱོགས་གཉིས་ཟུར་ཞུགས”ཀྱི་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས་པ་མ་ཟད། “ཚོགས་འདུ་མ་འཚོགས་གོང་ཞིབ་དཔྱད་དང་། ཚོགས་འདུའི་ཁྲོད་མཛུབ་ཁྲིད། ཚོགས་འདུ་འཚོགས་རྗེས་དག་ཐེར”བཅས་ཀྱི་བརྒྱུད་རིམ་ཡོངས་ཀྱི་སྤུས་ཚད་དོ་དམ་ལག་བསྟར་བྱས་པས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གང་ལེགས་ཐེབས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད།
ཕྱོགས་མི་ཏང་ཡོན་ལ་དོ་དམ་བྱེད་དཀའ་བའི་གནད་དོན་ལ་གཞིགས་ཏེ། བསམ་གྲུབ་རྩེ་ཆུས་ཀྱིས་འགུལ་རྣམ་ཆ་འཕྲིན་གྱི་རྩིས་ཁྲ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཕྱིར་སྐྱོད་དང་ཕྱིར་ལོག་གི་ཐོ་དེབ་དང་གཞི་རྩའི་ཆ་འཕྲིན་འཚོལ་བསྡུའི་རེའུ་མིག་750སྤྲད་ནས་ཕྱིར་སྐྱོད་ཏང་ཡོན་138དང་ཕྱིར་ལོག་ཏང་ཡོན་83གྱི་དངོས་ཡོད་གནས་ཚུལ་ཁོང་དུ་གནད་སྨིན་ཆུད་པར་བྱས་ཡོད།
གཞན་ཡང་། བསམ་གྲུབ་རྩེ་ཆུས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཚད་མི་ལོན་པའི་ཏང་ཡོན་ཐག་གཅོད་བྱ་ཐབས》དོན་འཁྱོལ་ནན་པོ་བྱས་ཏེ། སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་སྐྱོན་ཆུང་དུས་སེལ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལ་ལྟ་འདོམས་བྱེད་པ་དེ་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་ཐུབ་པར་བྱས་ཡོད། ཚད་མི་ལོན་པའི་ཏང་ཡོན་ལ་དབྱེ་འབྱེད་གནད་སྨིན་དང་ཐག་གཅོད་ཚད་ལྡན་བྱས་པ་བརྒྱུད། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གང་ལེགས་བྱས་ནས་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་བྱས་ཡོད། རྒྱུན་མཐུད་དོ་དམ་དང་ལྟ་སྐུལ་ནན་པོ་བྱས་པ་བརྒྱུད། ཆུས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། བློ་ཁ་ཕྱོགས་ནུས། འཐབ་འཛིང་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།