དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས​་ཞབས་ཞུའི་ནུས་ཕྱོད་ཆེ་རུ་བཏང་ནས་དམངས་འཚོའི་རྒྱུགས་ལན་ཡག་པོ་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ས་མཐོའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཐོན་ལས་བཀོད་པ་གཞིར་བཟུང་། “རེ་འདུན་ཐད་ཀར་འབྱོར་བ་དང་། དང་ལེན་མགྱོགས་མྱུར་བྱེད་པ། ཐག་གཅོད་གནད་སྨིན་ཐུབ་པ”གཙོ་བོར་བཟུང་སྟེ། ཁེ་ལས་ཀྱི་ཁྲལ་འབྲེལ་གྲོན་འབྲེལ་ཐད་ཀྱི་རེ་འདུན་ཕྱོགས་ཡོངས་ནས་བསྡུ་རུབ་བྱས་པ་དང་། ལས་ཕྱོད་ཆེན་པོས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་ཁྲལ་གྲོན་ཞབས་ཞུའི་ནུས་ཕྱོད་མུ་མཐུད་ཆེ་རུ་བཏང་ཡོད།

    འཐབ་ས་དང་པོ་ནས་རེ་འདུན་བསྡུ་རུབ་བྱས་ཏེ་དཀའ་གནད་ཐག་གཅོད་གནད་སྨིན་བྱས་པ།

    “ང་ཚོའི་ཁེ་ལས་ཀྱིས་བཟོ་ལས་ཀྱི་ཟོག་རོ་ཚུར་བསྡུ་བེད་སྤྱོད་དང་ཨར་འདམ་སོ་ཕག་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། མིག་སྔར་སྲིད་ཇུས་ལྟར་གནས་ཐང་འཕར་ཁྲལ་50%འཕྲལ་བསྡུ་འཕྲལ་སློག་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། འོན་ཀྱང་བསྡུར་ཚད་དེ་བས་མཐོ་བའི་ཁྲལ་སློག་གི་ཆ་རྐྱེན་དང་མཐུན་མིན་གསལ་པོ་ཤེས་ཀྱི་མི་འདུག་ལ། སྲིད་ཇུས་ཐད་སྤྱད་འཐུས་ཀྱི་ལག་རྩལ་གྱི་ཚད་གཞི་དང་མ་བཅོས་རྒྱུ་ཆའི་བླང་བྱར་ཡང་རྒྱུས་མངའ་དེ་ཙམ་མེད། དེར་བརྟེན་སླད་ཕྱིན་ཁྲལ་དོན་སྡེ་ཚན་གྱིས་རོགས་རམ་དང་མཛུབ་ཁྲིད་གནང་རྒྱུའི་རེ་བ་ཡོད”ཅེས་ཆུ་ཤུར་རྫོང་ཁྲལ་དོན་ཅུས་ཀྱིས་སྒོ་རྩར་དགོས་མཁོ་འདྲི་རྟོགས་བྱེད་པར་སྐྱོད་སྐབས་ཆུ་ཤུར་པེའོ་ཝེའི་ཨར་ལས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་འགན་འཁུར་བས་བཤད།

    ཁྲལ་དོན་པས་ས་ཡུལ་དངོས་སུ་ཁེ་ལས་ཀྱི་ཐོན་སྐྱེད་ལྷུ་ཚིགས་དང་འབྲེལ་མཐུད་བྱས་པ་དང་ཆབས་ཅིག ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཐོན་རྫས་དང་ངལ་ལས་ཀྱི་གནས་ཐང་འཕར་འཕྲལ་འཕྲལ་བསྡུ་འཕྲལ་སློག་གི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའི་བསྡུར་ཚད་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་སྲོལ་དང་མཐུན་པའི་འོས་ཐོབ་སོགས་འགག་རྩའི་ཆ་རྐྱེན་རེ་རེ་བཞིན་ཞིབ་དཔྱད་བྱས་ནས། ཁེ་ལས་ལ་འབྲེལ་ཡོད་སྲིད་ཇུས་རྒྱུས་ལོན་བྱེད་རོགས་བྱས་ཡོད།

    ཁེ་ལས་ཀྱི་ཁྲལ་འབྲེལ་སྒྲིག་མཐུན་གྱི་རེ་འདུན་སྣ་ཚོགས་ལ་ལན་ཡག་པོ་འདེབས་ཆེད། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་རེ་ཞུ་དང་། འཛིན་ཤོག་དོ་དམ། གཟིགས་སྐྱོང་ལོངས་སྤྱོད་སོགས་ལྷུ་ཚིགས་ཀྱི་རེ་འདུན་ཞུ་མང་བ་དང་དེ་བཞིན་ཉེན་ཁའི་གནས་གསེད་བཀྲོལ་བྱས་ཤིང་། དྲ་ཐོག་ཁྲལ་དོན་ཅུས་དང་ཁྲལ་བསྡུ་མཉམ་འགུལ་ལས་སྟེགས་སོགས་བརྒྱུད་སྔོན་བརྡའི་ཉེན་བརྡ་གནད་འཁེལ་བཏང་ནས། ཁེ་ལས་ལ་ཁྲལ་འབྲེལ་ཉེན་ཁ་མ་ཐོན་སྔོན་འགོག་བྱེད་རོགས་བྱས་ཡོད།

    རེ་འདུན་གནད་སྨིན་ངང་བསྡུ་ལེན་བྱས་ནས་སེམས་ནུས་ཡོད་རྒུས་བྱ་བ་དངོས་ཡག་པོ་བསྒྲུབས་པ།

    “ཁྲལ་འབྲེལ་མཚམས་སྦྱོར་ཚན་པ་ཞིག་ཡིན་པའི་ང་ཚོས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་མང་པོར་ཞབས་འདེགས་ཞུ་བཞིན་ཡོད། སྲིད་ཇུས་ལ་གོ་བ་གསལ་པོ་མ་ལོན་པ་དང་ས་ཁོངས་ལས་བརྒལ་བའི་ཁྲལ་འབྲེལ་གནད་དོན་མཐུན་སྦྱོར་བྱེད་དཀའ་བ་སོགས་ཀྱི་གནད་དོན་རྟག་ཏུ་འཕྲད་ཀྱི་འདུག ཆེད་ལས་མཛུབ་ཁྲིད་དེ་བས་གནད་སྨིན་དང་འབྲེལ་གཏུག་ཐབས་ལམ་དེ་བས་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་འབྲེལ་ཆེད་ལས་ཞབས་ཞུའི་སྒྲིག་གཞིའི་གསོ་སྦྱོང་བཞུགས་མོལ་ཚོགས་འདུའི་ཐོག་ལས་ཁུངས་ཀྱི་འགན་འཁུར་བ་ཞིག་གིས་ལས་རིགས་ཀྱི་ཐུན་མོང་རང་བཞིན་གྱི་རེ་འདུན་ཞིག་བཏོན།

    གནས་ཚུལ་དེར་དམིགས་ནས་ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་བློ་འདྲིའི་ཐད་འབྲེལ་ཁ་པར་དང་། ཁྲལ་སྒྲུབ་སྐར་ཁུང་། བརྟག་ཞིབ་བཞུགས་མོལ་སོགས་ཐབས་ལམ་མང་པོའི་ཐོག་ནས་ཁྲལ་འབྲེལ་རེ་འདུན་ལ་གཅིག་སྡུད་དོ་དམ་བྱས་ཏེ། “རེ་འདུན་བསྡུ་རུབ་དང་། རིགས་དབྱེ་འགན་བགོས། ཆེད་ལས་དང་ལེན། རྗེས་འདེད་གདེང་འཇོག”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལམ་སྲོལ་བཙུགས་ནས་རེ་འདུན་དང་ལེན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བྱས་པ་རེད།

    འདས་ཟིན་པའི་2025ལོར། རིམ་རྩིས་བརྒྱབ་ན་ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབྲེལ་ཆེད་ལས་ཞབས་ཞུའི་སྒྲིག་གཞིའི་ཆེད་དོན་གསོ་སྦྱོང་དུས་ཐེངས་15བྱས་པ་དང་ཚོང་དུད་494ལ་ཞབས་འདེགས་ཞུས་ཏེ། ལས་རིགས་ཀྱི་ཆེད་ལས་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

    རེ་འདུན་ལ་ཕྱོགས་མང་པོ་ནས་ལན་བརྒྱབ་སྟེ་དམངས་ཀྱི་སེམས་ཁྲལ་ཐུན་མོང་ཐོག་བསལ་བ།

    “ང་ཚོའི་ཁེ་ལས་ཀྱིས་སྐྲུན་འགན་བླངས་པའི་བློ་རིག་ཁྱིམ་གཞིས་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་ལས་ཡུན་ཐུང་བ་དང་ཞིབ་རྩིས་རྙོག་འཛིང་ཆེན་པོ་ཡོད། ནོར་དོན་མི་སྣས་རྣམ་གྲངས་ཀྱི་ཡོང་འབབ་རེ་ཞུ་དང་མ་གནས་རྩིས་རྒྱག་སྐབས་ནོར་འཁྲུལ་ཤོར་ནས་ཁྲལ་བསྡུའི་ཉེན་ཁ་ཆེ་བའི་སྔོན་བརྡ་འབྱོར་བྱུང་། དེ་ལས་རྗེས་མཐུད་ཀྱི་ཁྲལ་འབྲེལ་ལས་སྒོ་སྒྲུབ་པར་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་རྣམ་གྲངས་ཀྱི་དངུལ་ཕྱིར་སློག་ཡུན་ཡང་འགོར་འགྱངས་འགྲོ་སྲིད། སླད་ཕྱིན་ཁྲལ་བསྡུའི་སྡེ་ཚན་སྒོ་རྩར་ཡོང་ནས་སྐྱོན་བསྲང་ལ་མཛུབ་སྟོན་བྱ་རྒྱུའི་རེ་བ་ཡོད”ཅེས་སྟག་རྩེ་ཆུས་ཀྱི་དཔྱ་ཁྲལ་ལས་ཁུངས་དང་ཁེ་ལས་ངོ་ཐུག་གདོང་འཕྲད་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་བོད་ལྗོངས་ཧུའུ་ཧྥུང་གྲོང་ཁྱེར་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བས་ཁ་ཚ་དགོས་གཏུགས་ཆེ་བའི་རེ་འདུན་འདི་བཏོན་ཡོད།

    དེའི་ཐད་སྟག་རྩེ་ཆུས་ཁྲལ་དོན་ཅུས་ཀྱིས་འཕྲལ་དུ་ཆེད་དོན་ཟུར་ཁྲིད་ཚོགས་པ་བཙུགས་ནས་མཉམ་དུ་རེ་འདུན་དང་ལེན་བྱས་ཤིང་། སྒོ་རྩར་བསྐྱོད་དེ་ཁེ་ལས་ལ“ཁྲལ་དོན་བདེ་ཐང་བརྟག་དཔྱད”བྱས་པ་དང་ནོར་དོན་མི་སྣས་ཡོ་བསྲང་རེ་ཞུའི་འགྲོ་ལུགས་གཉེར་བར་མཛུབ་ཁྲིད་བྱས་ནས་ཁྲལ་བསྡུའི་ཉེན་ཁ་དུས་ཐོག་ཏུ་བསལ་ཡོད།

    ས་ཁོངས་ལས་བརྒལ་ནས་ཁྲལ་དོན་གཉེར་བ་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བ། མ་དངུལ་བསྡུ་སྒྲིལ་དང་དངུལ་བུན་གཡར་བ་སོགས་ཐད་ཀྱི་ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་ཕྱོགས་ཡོངས་ནས་ལན་འདེབས་ཆེད། ཅུས་དེས་ཁྲལ་དོན་དང་སྡེ་ཚན་མང་པོ་ཟུང་འབྲེལ་གྱི་མཐུན་སྦྱོར་མཉམ་སྐྱོང་བྱེད་སྟངས་བཏོད་པ་མ་ཟད། ད་དུང་མི་སྤྱི་དང་། སྨན་བཅོས་འགན་བཅོལ། དངུལ་རྩའི་སྒྲིག་གཞི་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་རྒྱུན་ལྡན་ཅན་གྱི་མཉམ་ལས་ལམ་སྲོལ་བཙུགས་པ་དང་འབྲེལ་ཞབས་ཞུའི་མཉམ་ཤུགས་ཤིག་ཀྱང་ཆགས་པར་བྱས་ཡོད།

    གཞན་ཡང་ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་དམངས་གཉེར་ཁེ་ལས་དང་ཁྲལ་འབྲེལ་ཆེད་ལས་ཞབས་ཞུའི་སྒྲིག་གཞིར་ཁྲལ་གྲོན་རེ་འདུན་ཐད་འབྲེལ་ལྟ་ཞིབ་ཚད་ལེན་ས་ཚིགས་25མང་དུ་བཏང་སྟེ། ཁེ་ལས་ཀྱིས་རེ་འདུན་ཞུས་པ“ཚང་མར་ལན་འདེབས་པ་དང་ཚང་མ་དོན་འཁྱོལ་ཐུབ་པའི”འགན་ལེན་བྱས་ཤིང་། 2025ལོའི་ཟླ་10པའི་ཟླ་མཇུག་བར་ལམ་སྲོལ་དེ་བརྒྱུད་བསྡུ་ལེན་བྱས་པའི་རེ་འདུན་སྣ་ཚོགས་ཐག་གཅོད་བྱེད་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།