དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་12%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ཚེས་13ཉིན། གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་12%ལྷག་ཙམ་ཟིན་ཡོད། དེའི་ནང་། གྲངས་འཛིན་དཔལ་འབྱོར་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་10%ཙམ་ཟིན་པ་དང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟོན་གྲངས་44ནས་51.1བར་འཕར་བ།

    ལྗང་མདོག་བཟོ་ལས་ཐད་གཏན་འཇགས་རྒྱུ་ནོར་གྱི་མ་རྩ་འཇོག་ཚད་དང་མཐོ་གསར་གྲངས་འཛིན་ཐོན་ལས་ཐད་མ་རྩ་འཇོག་ཚད་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་130དང་དུང་ཕྱུར་25ལྷག་ཙམ་སོ་སོར་ཟིན་ཡོད། ཟངས་རིགས་ཐོན་འབོར་གྱིས་རྒྱལ་ཡོངས་སྤྱི་འབོར་གྱི་20%ཡན་བཟུང་ནས། ལོ་4བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་ཁོར་ཡུག་ལེགས་གཏོང་ཐད་སྐུལ་འདེད་རྒྱུན་མཐུད་བཏང་ཡོད། མིག་སྔར། བོད་དུ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་བཅས་གཙོ་བོར་བྱེད་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། བོད་ལུགས་གསོ་རིག མི་རིགས་ལས་ཤེས། རང་བྱུང་འཐུང་ཆུ་སོགས་འདེགས་སྐྱོར་དུ་བྱེད་པ། ས་མཐོའི་ཐབ་ཆས་དང་ས་མཐོའི་སྒྲིག་ཆས་སོགས་ཁ་གསབ་ཏུ་བྱེད་པའི་ས་མཐོའི་ཁྱད་ལྡན་བཟོ་ལས་མ་ལག་དང་། དེ་བཞིན་འཕྲིན་གཏོང་ལས་རིགས་རྨང་གཞིར་བྱེད་པའི་མཉེན་ཆས་གསར་སྤེལ་དང་། བོད་སྐད་ཡིག་ཆ་འཕྲིན་ཅན། དྲ་རྒྱའི་བདེ་འཇགས་སོགས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་ས་མཐོའི་གྲངས་འཛིན་ཐོན་ལས་མ་ལག་ཆགས་ཡོད། སྣ་མང་ཅན་གྱི་ཐོན་ལས་བཀོད་པས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ཆགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།