ཁྱིམ་ཚང་ཁྲུས་ཁང་ཡག་པོ་བསྐྲུན་ནས་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ།
དགུན་དུས་ཀྱི་ནུབ་ཁའི་ཉི་མ་བཞུད་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་གྲོང་ཚོའི་ཡུལ་མི་སྐལ་བཟང་རྣམ་རྒྱལ་གྱིས་གཟུགས་པོ་ཁྲུས་ཆས་ཁྱེར་ཏེ་དལ་བུར་གྲོང་ཚོའི་དམངས་ཕན་ཁྲུས་ཁང་གི་ཕྱོགས་སུ་བསྐྱོད། 2025ལོའི་ཟླ་6ཚེས་1ཉིན་གྲོང་ཚོའི་དམངས་ཕན་ཁྲུས་ཁང་སྒོ་ཕྱེ་བ་ནས་བཟུང་། དེ་ནི་སྐལ་བཟང་རྣམ་རྒྱལ་ལ་འཇགས་པའི་གོམས་གཤིས་གསར་པ་ཞིག་རེད།
སྐལ་བཟང་རྣམ་རྒྱལ་གྱིས“དེ་སྔོན་གཟུགས་པོ་བཀྲུ་བར་རྙོག་དྲ་ཆེ་ལ། དགུན་དུས་སྡུག་པོ་ཉོས་པ་རང་རེད”ཅེས་བརྗོད་བཞིན་ཁྲུས་ཁང་ནང་དུ་འཛུལ། ཁྲུས་ཁང་ནང་གཙང་སྦྲ་དོད་ལ་གྲལ་འགྲིག་པ་མ་ཟད། གློག་འོད་གསལ་ཞིང་དྲོ་སོབ་སོབ་ཞིག་ཡོད།
ཁྲུས་ཁང་ནང་དུ་གཟུགས་པོ་ཁྲུས་ཆས་གྲལ་འགྲིག་པོས་བཅད་པང་ཐོག་བཞག་ཅིང་། འདྲུད་ལྷམ་དང་རླུང་འབུད་འཕྲུལ་འཁོར་སོགས་ཆ་ཚང་པོ་ཡོད་ལ། རྐང་འོག་ཏུ་འདྲེད་འགོག་གདན་བཏིང་བ་དང་། གྱང་ངོས་སུ“འདྲེད་བརྡབ་ཤོར་ཡོང་། གཟབ་གཟབ་གནང”ཞེས་པའི་མངོན་གསལ་དོད་པའི་གསལ་བརྡ་སྦྱར་ཡོད།
“སྤྱི་པའི་གཟུགས་པོ་ཁྲུས་ཁང་ཡོད་པ་ཙམ་གྱིས་མི་འགྲིག་པར་ང་ཚོའི་དམིགས་ཡུལ་ནི་དུད་ཚང་ཚང་མར་གཙང་ཞིང་བདེ་འཇགས་ལྡན་པའི་ཁྱིམ་ཚང་ཁྲུས་ཁང་སྐྲུན་རྒྱུ་དེ་ཡིན”ཞེས་མཁར་རུ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཤིན་ཡུས་ཀྱིས་བརྗོད་པ་དང་། ཁོང་གིས། ཁྱིམ་ཚང་རྣམ་པའི་ཁྲུས་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱིས“མཉམ་སྡེབ་དཔལ་འབྱོར་གྱིས་ཁྲིད་སྟོན་དང་ཁེ་སྤོགས་ལས་ཁ་གསབ་སྤྲོད་པ”མཐའ་འཁྱོངས་བྱས་ཤིང་། ཚད་ལོན་ཁྱིམ་ཚང་ལ་ཁ་གསབ་སྒོར་3000སྤྲོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
སྲིད་ཇུས་ཡག་པོ་ཡོད་མོད། ལས་འགོ་འཛུགས་པར་དཀའ་བ་ཆེ། ཡུལ་མི་མང་པོས“སྒྲིག་སྦྱོར་བྱེད་མི་ཤེས་པ”དང“རྒྱུ་ཆ་ཡག་པོ་ཉོ་མི་ཐུབ་པའི”སེམས་ཁྲལ་བྱེད་ཀྱི་ཡོད་པས། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་དོན་ཚོགས་ཆུང་བཙུཌ་ཏེ། དུད་ཚང་རེ་རེ་བཞིན་ལ་སྒྲོག་འགྲེལ་བྱས་པ་དང་། ཚད་གཞི་གཅིག་གྱུར་བཟོས་པ་མ་ཟད། ཐ་ན་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་མཛུབ་ཁྲིད་དང་རྒྱུ་ཆ་ཉོ་རོགས་བྱས་ཡོད།
ཡུལ་མི་མིག་དམར་གྱི་ཁྱིམ་ནི་ཕན་པ་ཐོབ་མཁན་སྔ་ཤོས་ཀྱི་གྲས་ཤིག་རེད། གསར་དུ་བསྐྲུན་པའི་ཁོང་གི་ཁྱིམ་ཚང་ཁྲུས་ཁང་དུ་སྐྱོད་སྐབས་དཀར་གཅལ་སྦྱར་བའི་གྱང་ངོས་དང་། གློག་ནུས་ཆུ་དྲོད་གཏོང་ཆས། བབ་ཆུའི་ཁྲུས་ཆས་བཅས་ཆ་ཚང་པོ་ཡོད་ཅིང་། མིག་དམར་གྱིས་འཇམ་ལ་གཙང་བའི་གྱང་ངོས་ལ་རེག་བཞིན“ལས་དོན་རུ་ཁག་གིས་སྒྲིག་སྦྱོར་བྱེད་མཁན་ལ་འབྲེལ་བ་བྱེད་རོགས་དང་རྒྱུ་ཆ་འདེམས་རོགས་བྱས་པས། ང་ཚོ་སེམས་ཁྲལ་གང་ཡང་བྱེད་དགོས་མ་བྱུང་། ད་ཆ་གཟུགས་པོ་ག་དུས་བཀྲུ་འདོད་ཀྱང་དེ་དུས་འཁྲུད་ཆོག་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་སྤྲོ་བ་ཆེན་པོས་བརྗོད། མིག་དམར་གྱི་ཁྱིམ་དང་འདྲ་བར། ད་ཆ་གྲོང་ཚོ་ཡོངས་ཀྱི་དུད་ཚང་30ཙམ་ལ་ཁྱིམ་ཚང་ཁྲུས་ཁང་བསྐྲུན་ཟིན་པ་དང་། བཟོ་སྐྲུན་འཆར་གཞི་དེ་བས་མང་པོ་དོན་དངོས་སུ་གྱུར་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།