དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དབུ་མཐོང་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    རྒྱལ་ལམ་558འགྲམ་དུ་ཡོད་པའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་དབུ་མཐོང་གྲོང་ཚོར་སྐྱོད་སྐབས། རྒྱང་རིང་པོ་ནས་དགོད་སྒྲ་ལྷང་ལྷང་དུ་ཐོས་ཀྱི་འདུག དགོད་སྒྲ་གྲགས་ཕྱོགས་དང་བསྟུན་ནས་གྲོང་ཚོའི་ཕུ་རུ་སྐྱོད་སྐབས། དབུ་མཐོང་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་རྐང་པ་འཁྲུ་སར་ཆུ་རླངས་ཀྱིས་ཁེངས་ཤིང་། རྒན་རྒོན་ཚོ་སོས་དལ་བག་ཕེབས་ངང་འཕུར་མཉེད་རྐུབ་སྟེགས་ཐོག་བསྡད་ཡོད།

    “སྔོན་མ་ཁྱིམ་གྱི་སྒོ་རྩར་ཉི་མ་ལྡེས་ནས་སྡོད་སྐབས་ཁ་བརྡར་གློད་མཁན་ཡོང་ན་བསམ་གྱི་ཡོད། ད་ཆ་འདི་གར་གཅིག་པུར་སྡོད་མི་དགོས་པར་ཉིན་ལྟར་ཁོ་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཆོག་ལ། རོལ་རྩེད་སྒྲིག་བཀོད་ཀྱང་གང་དགོས་ཚང་མ་འཛོམས་པས་དངོས་གནས་ཚེ་མཇུག་སྐྱིད་པོ་བསྐྱལ་རྒྱུ་བྱུང་སོང་། ལྟ་སྐྱོང་ལྟེ་གནས་ནི་ང་ཚོའི་ཁྱིམ་དང་ཁྱད་པར་མེད”ཅེས་རྒད་པོ་དགའ་ཡག་གིས་རྐང་པ་ཕྱིས་ཞོར་དགའ་ཚོར་ཆེན་པོས་བཤད།

    ཚང་མས“སྐྱིད་པའི་གནས”ཞེས་འབོད་པའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དེ་ནི་ཀྲེ་ཅང་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད། དབུ་མཐོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཆེད་བསྐོས་པ་བློ་བཟང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེ་2025ལོའི་ཟླ་9པའི་ཟླ་འགོར་སྤྱོད་འགོ་ཚུགས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་18ལྷག་ཙམ་བཏང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་བྱས་ཏེ་རྒན་རྒོན་ལ“བཟའ་བཏུང་དང་། ལུས་གསོ། སྤྲོ་སྣང”བཅས་གཞི་གཅིག་ཏུ་འདུས་པའི་རྒན་གསོའི་ཞབས་ཞུའི་བར་མཐོངས་ཞིག་བསྐྲུན་ཡོད།

    ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྐྱོད་སྐབས། མི་བརྒྱ་ལྷག་ཙམ་ཤོང་བའི་གཙང་ལ་དཀར་ཆ་དོད་པའི་ཟ་ཁང་དུ་འཕུར་མཉེད་རྐུབ་སྟེགས་གསར་རྐྱང་གསུམ་བསྒྲིགས་ཡོད་པ་དང་། རྐང་པ་བཀྲུ་སར་རྐང་པ་སྦོང་ས་དང་ཀྲུང་ལུགས་སྨན་ཐུམ་བསྒྲིགས་ཡོད་པ། རིག་རྩལ་བྱེད་སྒོ་སྤེལ་སར་སྒྲོམ་སྟེགས་སྤོ་ལོ་དང་། མིག་མངས། དཔེ་དེབ་ལྟ་ས་བཅས་ཚང་མ་འཛོམས་ཡོད། དང་བླངས་པ་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་རྒན་རྒོན་ལ་ཁྲག་ཤེད་ལྟ་བ་དང་། སེན་མོ་འབྲེག་པ། རིག་ནུས་ཁ་པར་སྤྱོད་སྟངས་སློབ་པ་བཅས་བྱེད་ཀྱི་ཡོད། ལྟེ་གནས་དེས་རྒན་རྒོན་གྱི་ལྟོ་ཆས་དང་། གཡོག་རྒྱུག་པ། གཟུགས་པོ་བརྟག་དཔྱད་སོགས་རྒྱུན་གཏན་ལྟ་སྐྱོང་གི་གནད་དོན་ཚང་མ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།