རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བཀག་རྡོ་ལྟ་བུ་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཕམ་མི་བཟོད་པ་དང་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་རེད”སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་། ལས་འགན། དེ་བཞིན་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་ནས། “རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། “མི་སྟོང་ལ་ཕོག་ཐུག་གཏོང་དགོས་ཀྱང་། མི་དམངས་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་གཏོང་མི་རུང”ཞེས་པའི་འགན་འཁྲི་འཁུར་ལེན་ལ་བརྟེན་ནས་ནད་སེལ་ཟིང་བཅོས་ཀྱིས་བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས“སྟག་རྡུང”དང་། “སྦྲང་རྡུང” “ཝ་རྔོན”བཅས་ཐབས་མང་མཉམ་སྤྱོད་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་རྩ་ལག་མཉམ་བཅོས་དང་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་བདེ་བླག་ངང་བསྐྱོད་ཡོད།
ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཁ་དན་ཚིག་གནས་ངང་བྱས་པ་དང་རང་ངོས་གསར་བརྗེར་རུལ་སེལ་ཤ་སྐྱེས་ཀྱིས་སྐུལ་འདེད་བཏང་བས། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད། འཛམ་གླིང་ཡོངས་ལ་མིག་རྒྱང་རིང་པོས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་སྒྲུབ་ཐུབ་པ་དེ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད་ལ། དུས་རབས་ལ་སྣེ་ཁྲིད་བྱས་པའི་རྒྱལ་ཁ་ལེན་ཐུབ་ངེས་ཀྱི་ལམ་བུ་ཞིག་ཀྱང་རེད། འབྱུང་འགྱུར་ལ་བལྟས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།
“ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ནུས་པ་ཇི་ཙམ་ལྡན་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་དེ་བས་ནུས་ལྡན་ཐུབ་ངེས་རེད”དུས་རབས་གསར་པ་ཤར་ཚུན་གྱི་ལག་ལེན་ལས་ཏང་གི་རང་ངོས་གསར་བརྗེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་ཟུང་འབྲེལ་དམ་ཟབ་དང་། ཕན་ཚུན་སྐུལ་འདེད། ཆར་པ་ཆུ་གྲོགས་ལྟ་བུ་བཅས་ཡིན་པ་ར་འཕྲོད་ཐུབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་དང་འགྱུར་ལྡོག་ཆེན་པོ་འཕྲད་པས། ཏང་གི་རང་ངོས་གསར་བརྗེ་བརྒྱུད། སྲོལ་གསར་སྤྱོད་བཟང་དར་སྤེལ་གཏོང་བ་དང་ཡུན་རིང་གི་གཅོང་ནད་བསལ་ནས། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་། ལས་བྱེད་པའི་རང་འགན་ཐེག་འཁུར་ལ་སྐུལ་ལྕག་བྱེད་པ། དམངས་སེམས་དང་དམངས་སྟོབས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དྲང་ནུས་རྒྱུན་ཆད་མེད་པར་སྣོན་ཐུབ།
“མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ་ཞིག་ཡོད”ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔར་བཞིན་གཉིས”ཀྱི་བརྡར་གཅོད་གལ་ཆེན་བསྐྱར་བསྒྲགས་གནང་སྟེ། “དམ་བསྒྲགས་རྣམ་པར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ”དང“རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ”“སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ”བཅས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བྱེད་ཐབས་དང་ཐབས་ལམ་གསལ་སྟོན་གནང་ཡོད།
རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས། ཁེ་ཕན་དང་འབྲེལ་བ་དེ་བས་མང་དུ་འགྲོ་བ་དང་། ལྐོག་ཟ་རུལ་སུངས་བྱེད་སྤྱོད་ཀྱི་འབྲེལ་བཅས་རང་བཞིན་དང་མི་མངོན་པའི་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། ཞིབ་བཤེར་ཐག་གཅོད་བྱེད་པའི་དཀའ་ངལ་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད། རུལ་སུངས་ཀྱི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ནས། རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་།
གསལ་འབྱེད་ཡང་དག བཅོས་སྐྱོང་ནུས་ལྡན་བཅས་བྱས་ན། ད་གཟོད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ།
ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ནི་གཅིག་ལ་གཅིག་རྟེན་ཡིན་པ་དང་རྩ་བ་དང་འབྱུང་ཁུངས་གཅིག་པ་རེད། སྤྱོད་ངན་རུལ་འགྱུར་དང་ངན་རུལ་མཉམ་འདྲེས་ནི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་མང་པོའི་མངོན་གསལ་དོད་པའི་ཁྱད་ཆོས་རེད། ཉིན་ཤས་གོང་བསྟན་པའི་བརྙན་འཕྲིན་གྱི་ཆེད་དོན་པར་གཞི《གོམ་པ་གཅིག་ཀྱང་སྤོ་མཚམས་མི་འཇོག་པ་དང་། གོམ་པ་ཕྱེད་ཀ་ཡང་ཕྱིར་བཤོལ་མི་རྒྱག་པ》ཞེས་པའི་ལེའུ་དང་པོ《དམངས་ཀྱི་ཆེད་དུ་སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྒྲིག་བྱེད་པ》ཞེས་པའི་ནང་འཛིན་བཟུང་བྱས་པའི་དཔོན་རིགས་ཤིག་གིས་པར་ཤེལ་གྱི་མདུན་དུ“དོན་དངོས་ཐོག་ངས་ཁྲིམས་འགལ་ཉེས་གསོག་བྱས་པ་ནི་ཟ་འཐུང་གི་གནད་དོན་ཡིན་པ་དང་། (ཀྲུང་དབྱང་གི)གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ་ནས་མགོ་བརྩམས་པ་ཞིག་ཡིན”ཞེས་འགྱོད་བཤགས་ཆེན་པོས་བརྗོད།
ཀྲེ་ཅང་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་སྐབས། ཟ་འཐུང་ཚོགས་པ་དང་། མངགས་པའི་དོན་དག ཁེ་ཕན་གྱི་འབྲེལ་བ། རྒྱུ་དབང་བརྗེ་ཚོང་སོགས་ཀྱི་གནད་དོན་ཡོད་མེད་ལ“ངེས་པར་དུ་ཕྱོགས་བཞི་ནས་བལྟས”ཏེ། “སྤྱོད་ཚུལ”གྱི་སྐུད་སྣེ“རུལ་སུངས”ཀྱི་གྲུ་གུར་བསྒྲིལ་བ་དང་། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཀའི་ཁྲོད་འབྱུང་རྩར་གཞིགས་ནས་གནད་དོན་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་སྒེར་དང་དེ་གནས་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དང“སྤྱོད་ཚུལ་བཞིའི”གནད་དོན་རྒྱུས་ལོན་ཚད་ཆེ་རུ་བཏང་སྟེ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད།
“སྤྱོད་བརྟག་རུལ་བཤེར”དང“རུལ་འགོག་སྲོལ་བཅོས”གང་ཡིན་རུང་། “མཉམ་བཤེར”ལ་བརྟེན་ནས་ངན་རུལ་མཉམ་འདྲེས་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། “མཉམ་བཅོས”ལ་བརྟེན་ནས་ངན་རུལ་ཐུན་མོང་གི་འབྱུང་རྩ་མེད་པར་བཟོ་བ། “བཤེར”“བཅོས”གཉིས་ཀ་ངན་རུལ་རིམ་འགྱུར་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། “སྤྱོད་ཚུལ”གྱི་སྣང་ཚུལ་བརྒྱུད“རུལ་སུངས”ཀྱི་ངོ་བོ་ཐེར་འདོན་བྱེད་པ་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་ཉོག་བཟོ་བའི་ཤུགས་ཀྱི་ཚོང་པས་དཔོན་རིགས་གསོ་བ་དང་། དཔོན་པོས་ཚོང་པ་འགེབས་སྲུང་། དཔོན་ཚོང་གཞི་གཅིག་བཅས་ཀྱི་གནས་ཚུལ་སྔོག་འདོན་གཏིང་ཟབ། སྒྲིག་ཁྲིམས་དང་འགལ་ནས་ཟ་འཐུང་ཞོར་དུ་དོན་དག་མངགས་བཅོལ་དང་ཁེ་ཕན་གཉེར་བ་་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བཅས་བྱས་ཚེ། ཟིལ་གནོན་གྱི་ཕན་འབྲས་ཆེན་པོ་ཐོན་ནས། ངན་རུལ་འགོག་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་རྒྱུན་ཆད་མེད་པར་འཛུགས་ཐུབ་ངེས་རེད།
རང་རེའི་ཏང་ནི་ཏང་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཆེན་པོ་ཞིག་གི་འགོ་ཁྲིད་གནང་གི་ཡོད། རང་རེའི་ཏང་གིས་སྒྲུབ་བཞིན་པའི་བྱ་གཞག་ཁག་ཀྱང་སྔར་སྒྲུབ་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་རེད། “རྒྱུགས་ལན་འབུལ་བར”རྫོགས་དུས་མེད་ལ། “ས་ཕུག་དྲི་བ”ཇི་ཙམ་དྲིས་ན་དྲིས་ལན་དེ་ཙམ་གསར་པ་ཐོན་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱུན་འཁྱོངས་ལྷོད་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་བསྐྱོད་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཡུས་ཀུང་གིས་རི་བོ་སྤོ་བ་དང་ཅིན་ཝེས་རྒྱ་མཚོ་བསུབས་པའི་སྙིང་སྟོབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།