ཧའེ་ནན་གྱིས་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོཌ་ཐོག་མ་གཉེར་རྒྱུ་ཡིན་པ།
ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཟླ་4ཚེས་22ཉིན་ནས་ཚེས་30ཉིན་བར་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་ཞིང་། མིག་སྔར། གྲ་སྒྲིག་ལས་དོན་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། ཟླ་1ཚེས་12ཉིན། སྐབས་འདིའི་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པར་ད་དུང་ཉིན་100ཡོད་པའི་སྐབས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འགྲན་བསྡུར་གྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིང་གིས། ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ནི་ཨེ་ཤེ་ཡའི་ཆུ་ཚད་མཐོ་ཤོས་ཀྱི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ཤིག་རེད། སན་ཡཱ་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱིས་ཧའེ་དབྱང་གི་2012ལོའི་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་གཉེར་རྗེས་ཀྱི་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་གཉིས་པ་དེ་རེད་ལ། ཧའེ་ནན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་དང་པོ་དེའང་རེད་ཅེས་གསུངས་པ་རེད།
སྐབས་འདིའི་ཨེ་ཤེ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ལ་ཁྱོན་རྣམ་གྲངས་ཆེ་བ་14དང་། ཡན་ལག་རྣམ་གྲངས་15 རྣམ་གྲངས་ཆུང་བ་63བཅས་ཡོད་ཅིང་། དེའི་ནང་ཆུ་རྐྱལ་དང་གཡོར་གྲུ་སོགས་ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱུན་གཏན་རྣམ་གྲངས་ཡོད་པ་མ་ཟད། ཐའེ་ཁེ་སྤོ་ལོ་དང་བྱེ་ཐང་ཁྭ་པ་ཏིའི་ལུས་རྩལ་སོགས་གསར་དར་རྣམ་གྲངས་ཀྱང་ཡོད། མིག་སྔར་མིང་ཐོ་འགོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ཡི་ལུས་རྩལ་པ་3798ཀྱིས་མིང་ཐོ་ཐེངས་དང་པོ་བཀོད་པ་དང་། མིང་ཐོ་འགོད་ཐེངས་གཉིས་པ་དེ་ཟླ་1ཚེས་10ཉིན་ནས་ཟླ་2ཚེས་10ཉིན་བར་རེད། ཟླ་1ཚེས་16ཉིན་ནས་བཟུང་། གཡོར་གྲུ་དང་། བྱེ་ཐང་ཕའེ་ཆིའུ་སྤོ་ལོ། ཐའེ་ཁེ་སྤོ་ལོ། ཆུ་རྐྱལ་དང་རྒྱུག་ཤར་རྣམ་གྲངས་གཉིས་སོགས་རྣམ་གྲངས་ཀྱི་ཚོད་ལྟའི་འགྲན་བསྡུར་མུ་མཐུད་བྱ་རྒྱུ་དང་། ལུས་རྩལ་ཁང་འཁོར་རྒྱུག་དང་། ཡོ་ཆས་དང་སྒྲིག་བཀོད། གཏོགས་ཁོངས་འགན་ལེན། བཀོད་འདོམས་བཀོད་གཏོང་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་190བྱེ་ཐང་ཁྭ་པ་ཏིའི་འགྲན་བསྡུར་ལ་ཞུགས་རྒྱུ་མ་ཟད། ད་དུང་རྣམ་གྲངས་ཆེ་བ་13དང་ཆུང་བ་61གི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།