རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་སྒོར་དུང་ཕྱུར་600ལས་བརྒལ་བ་དང་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་བཅུ་ཆ་དྲུག་ལས་བརྒལ་བ།
“832ལས་སྟེགས”ཀྱིས་དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ།
“832ལས་སྟེགས”(དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་ཐོག་ཕྱིར་ཚོང་ལས་སྟེགས)ཐོག་ཤིན་ཅང་མོ་ཡུས་རྫོང་གི་རྒུན་འབྲུམ་སྐམ་པོ་དང་ཁ་སུར་དང་། བོད་ལྗོངས་ཀྱི་ས་མཐོའི་སྦྲང་རྩི་དང་ནས་ཀྱི་ཏན་ཞིམ་སོགས་དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དྲ་ཐོག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཚོང་བཞིན་ཡོད།
“832ལས་སྟེགས”ནི་ནོར་སྲིད་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་མཁོ་ཚོང་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་བཙུགས་པ་དང་གཉེར་སྐྱོང་བྱེད་པའི་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་དྲ་ཐོག་ཕྱིར་ཚོང་ལས་སྟེགས་ཤིག་རེད། 2025ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་ལས་སྟེགས་ཀྱི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་607.91ཟིན་པ་དང་། ཕྱིར་ཚོང་བྱེད་པའི་ཚོང་ཟོག་སྣ་ཁ་ཁྲི་44.41ཟིན་པ། “ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”གི་ཁས་ལེན་དཔང་འདོན་གྱི་ཐོན་རྫས་སྣ་ཁ་ཁྲི་1.3གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་པ། ཐོ་འགོད་བྱས་པའི་ཉོ་སྒྲུབ་ཚན་པ་ཁྲི་47.62ཟིན་ཡོད། “‘832ལས་སྟེགས’ཀྱིས་སྤྱི་ཕན་གྱི‘གཞི་རྩ’བརྟན་སྲུང་དང་ཚོང་ཟོག་གི་སྤུས་ཚད་དང་རིན་གོང་ཚོད་འཛིན་ནན་པོ་བྱེད་པ་དང་ཆབས་ཅིག‘སྲིད་ཇུས་ལ་བརྟེན་པ་དང་ཁྲོམ་རར་ཁ་ཕྱོགས་པ’མཐའ་འཁྱོངས་ཀྱིས་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་ཞུགས་པའི་ཡིད་དབང་འགུག་པ་བཅས་བྱས་པ་བརྒྱུད། རོགས་སྐྱོར་གྲུབ་འབྲས་ཕུགས་ཕན་ཅན་དང་རྒྱུན་མཐུད་ཆོག་པར་སྐུལ་འདེད་བཏང་ཡོད”ཅེས་ཀྲུང་གོ་མཁོ་ཚོང་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་གོ་ཧྲེང་གིས་བརྗོད་པ་རེད།
དམ་ནན་གྱི་ཚོང་ཟོག་འཇུག་འཐུས་ཚད་གཞི་དང་ཐོན་རྫས་ཚོད་འཛིན་ཚད་གཞི་གཏན་འཁེལ་བྱས་པ་བརྒྱུད། “832ལས་སྟེགས”ཀྱིས་ཚོང་ཟོག་རིམ་དབྱེ་དང་ཚད་ལྡན་ཅན་གྱི་ཐུམ་སྒྲིལ་ལ་སྐུལ་འདེད་བཏང་ནས་ཚོང་ཟོག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
སྤུས་ཚད་དང་ཐུམ་སྒྲིལ་ལེགས་སུ་བཏང་བ་བརྒྱུད། ཉིང་ཞའི་གླང་ཤ་དང་ཅང་ཤིས་ཀྱི་ཚ་ལུ་མ་སོགས་ཐོན་རྫས་བསྐྱར་ཉོ་བྱེད་ཚད་དང་བྲིན་ཁ་རྒྱུག་ཚད་ཆེས་ཆེར་འཕར་ནས“ཐོན་སྐྱེད་ཐུབ་པ”ནས“ཕྱིར་ཚོང་ཡག་པོ་ཐུབ་པ”དང“སྐད་གྲགས་ཆོད་པའི”བར་གྱི་མཆོང་སྐྱོད་བྱུང་ཡོད།
ལས་སྟེགས་ཀྱིས་ད་དུང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ལ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་ལས་སྣོན་ཞིབ་ཚགས་ཐོན་རྫས་ཀྱིས་བཟུང་བའི་བསྡུར་ཚད་30%ནས་61%བར་མཐོ་རུ་ཕྱིན་ཡོད། “ལས་སྟེགས་དང་། སྲིད་གཞུང་། སྣེ་འདྲེན་ཁེ་ལས་བཅས་ཟུང་དུ་འབྲེལ་བའི”རྣམ་པ་བརྒྱུད་རྫོང་དང་གྲོང་ཁྱེར་25རུ་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ཏེ། “མོ་ཡུས་གཡང་ཁུག”དང“ཧའེ་ལུན་སྲན་ཆེན”སོགས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་25སྐྱེད་སྲིང་བྱས་ནས་ཞིང་དུད་ཁྲི་10ལྷག་ཙམ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། འབྲེལ་ཡོད་ཕྱིར་ཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ནས་སྤུས་རྟགས་ལྟེ་བར་བྱེད་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཉམ་འགུལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།