དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲོལ་ཡིག་བཟོ་བཅོས་བརྒྱབ་ནས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

    རང་བྱུང་སྲུང་སྐྱོང་ཁུལ་ཇི་ལྟར་སྲུང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏུང་སི་ཡུས།   |     སྤེལ་དུས།  2026-01-15

    རང་བྱུང་སྲུང་སྐྱོང་ཁུལ་གྱིས་དཔེ་མཚོན་གྱི་རང་བྱུང་སྐྱེ་ཁམས་མ་ལག་དང་། རྩ་ཆེའི་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རྒྱུད་རིགས་ཀྱི་རང་བྱུང་གཅིག་སྡུད་ཁྱབ་ཁུལ། དམིགས་བསལ་གྱི་དོན་སྙིང་ལྡན་པའི་རང་བྱུང་རྗེས་ཤུལ་བཅས་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཟླ་1ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་དོན་གང་ཡིན་ནམ། དེས་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གང་ཞིག་ལྡན་ནམ། གསར་འགོད་པས་དེའི་སྐོར་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་པ་ཡིན།

    རང་བྱུང་སྲུང་སྐྱོང་ཁུལ་ཁྱབ་ཁོངས་སུ་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ཁྲིམས་འཛུགས་བྱས་པ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ནི་1994ལོ་ནས་བཟུང་ལག་ལེན་བསྟར་ཞིང་། དེས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རང་བྱུང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་རྒྱུན་མཐུད་ཕྱིན་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། མིག་སྔར། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་ཁག་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་སྐྲུན་བཞིན་ཡོད་ཅིང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་2600ལྷག་ཙམ་བསྐྲུན་ཟིན། ད་ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་དངོས་སུ་ལག་ལེན་བསྟར་ཞིང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་གནས་གཏན་འཁེལ་དང་། དོ་དམ་སྒྲིག་སྲོལ། དོ་དམ་ཚོད་འཛིན་ཁུལ་དབྱེ། དོ་དམ་བྱེད་ཐབས། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མཐུན་སྦྱོར་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཡོད།

    “ས་བཅད་རྣམ་པའི”དོ་དམ་ནས་བཅོས་སྐྱོང་ཞིབ་ཚགས་ཕྱོགས་སུ་སྐུལ་འདེད་བཏང་བ།

    སྤུས་ཚད་མཐོ་པོས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས། རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་དང་ནང་གནས་ཀྱི་ཆོས་ཉིད་ལ་གཞིགས་ནས་རང་བྱུང་སྲུང་སྐྱོང་ཁུལ་ལ་སྤྱི་ཡོངས་སྲུང་སྐྱོང་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལག་ལེན་བསྟར་དགོས། རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་ཁྲོད་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ནུས་པ་གལ་ཆེན་ཐོན་ཞིང་། “རང་བྱུང་སྲུང་སྐྱོང་ཁུལ་ནི་རྙོག་འཛིང་ཆེ་བའི་སྐྱེ་ཁམས་མ་ལག་ཅིག་ཡིན་པས། ངེས་པར་དུ་སྐྱེ་ཁམས་མ་ལག་གི་རིན་ཐང་དང་། ཐོན་ཁུངས་སྲུང་སྐྱོང་གི་དཀའ་ཚད། སྔར་ཡོད་གྲོང་མིའི་ཁོར་ཡུག་ལ་བརྟེན་པ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྤྱད་ནས། ས་ཁོངས་མི་འདྲ་བའི་དོ་དམ་གྱི་ཚད་མཐོའི་མཐུན་སྦྱོར་མངོན་འགྱུར་བྱེད་དགོས”ཞེས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་སྲུང་སྐར་ཁོར་ཡུག་ཉེར་སྤྱོད་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་པ་ཀའོ་ཅི་ཞི་ཡིས་བཤད། སྲོལ་ཡིག་བཟོ་བཅོས་རྒྱག་པར《རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་བླང་བྱ་གཞིར་བཟུང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཚོད་འཛིན་གྱི་ཁུལ་དེ་ཉིད་སྲུང་སྐྱོང་ཁུལ་གཙོ་བོ་དང་སྤྱིར་བཏང་སྲུང་སྐྱོང་ཁུལ་དུ་ལེགས་སྒྲིག་བྱས་ཏེ། སྲུང་སྐྱོང་དོ་དམ་གྱི་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བ་བྱས་པ།

    ཨན་ཧུའེ་ཝུའུ་ཧུའུ་ནན་ལིང་རྫོང་ཁྲང་ལེ་གྲོང་ཚོ་མང་ཆེ་བ་ཨན་ཧུའེ་ཡི་ཉ་ཆེན་རྨིགས་པ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱས་པ་ལས་གྲོང་ཚོའི་ཆུ་སྤུས་དང་ས་རྒྱུ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ས་ཞིང་བརྒྱུད་བཤུག་བྱས་ནས་སྐྱེ་ཁམས་ཆུ་འབྲས་བཏབ་པས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་སོང་བ་མ་ཟད། གྲོང་མིར་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཀྱང་ཐུབ་ཡོད་པ་རེད།

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སིའི་སི་ཀྲང་ཡོན་ཅི་མིང་གིས། གོམ་སྟབས་རྗེས་མར། རང་བྱུང་སྲུང་སྐྱོང་ཁུལ་ལ་ཁྲིམས་ལྟར་དོ་དམ་ནན་པོ་བྱེད་པ་དང་། སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྒྱུར་བྱ་སྤྱོད་མཉམ་དུ་སྤེལ་བ། ལྟ་འདོམས་མཉམ་ཤུགས་ཆགས་པར་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། ཁྲིམས་སྒྱུར་ངེས་པར་དུ་གཟབ་ནན་བྱེད་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས། དེ་དང་ཆབས་ཅིག ལེ་ལག་ཚང་བའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་གླིང་གསར་པ་གོ་རིམ་ལྡན་པའི་ངང་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་གཞན་གསར་དུ་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་བཀག་ཚོད་སྐོར་དང་ཕྱིར་འཐེན་ལམ་སྲོལ་འཛུགས་པ་བཅས་བྱས་ནས་སྔར་ཡོད་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་འགན་སྲུང་བྱེད་ཐབས་ཞིབ་ཚགས་སུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།