དབུ་ཤོག
  • དགུན་དུས་མེ་གློག་རླངས་གསུམ་སྤྱོད་ཐབས་སྐོར་གྱི་བདེ་འཇགས་རྒྱུན་ཤེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-15

    དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བས། འཚོ་བ་དང་ཐོན་སྐྱེད་ཐད་མེ་གློག་རླངས་གསུམ་སྤྱོད་ཤུགས་ཆེ་རུ་ཕྱིན་པས། མེ་ཟོན་བདེ་འཇགས་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་།

    གཅིག དྲོད་ལེན་གློག་ཆས“འདེམས་ཉོ་དང་བེད་སྤྱོད”ལ་དམ་འཛིན་ཡག་པོ་བྱེད་དགོས།

    དྲོད་ལེན་གློག་ཆས་འདེམས་སྐབས“ལྡན་དགོས་པའི་ཚད་གཞི་གསུམ”ལ་ཡིན་གཅིག་ལྟ་དགོས།

    1. “3C”ཡི་མཚོན་རྟགས་ལྡན་མིན་ལ་ལྟ་དགོས། དེ་ནི་དྲོད་ལེན་གློག་ཆས་ཀྱི“བདེ་འཇགས་འོས་ཐོབ”ཅིག་ཡིན་པས། ཐོན་རྫས་འདི་རིགས་ནི་རྒྱལ་ཁབ་ཀྱི་བཙན་ཐབས་རང་བཞིན་གྱི་ཁས་ལེན་ར་སྤྲོད་ཁོངས་སུ་གཏོགས་པས། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཡོད།

    2. ནུས་པ་གཙོ་བོའི་བདེ་འཇགས་ཡག་པོ་ཡོད་མེད་ལ་ལྟ་དགོས། དྲོད་ལེན་གློག་ཆས་ལ“ཚ་པོ་ཆགས་ཀྱང་མི་འཚིག་པ”དང“མགོ་རྟིང་ལོག་ན་རང་བཞིན་དུ་གློག་ཆད་པའི”ནུས་པ་ལྡན་དགོས་པས། གློག་དྲོད་གདན་ལ“རང་འགུལ་ངང་གློག་ཆད་པའི”ནུས་པ་ལྡན་དགོས། གློག་དྲོད་ཆུ་དམ་ལ“འབར་འགོག་གཅུས་སྒོ”ཡོད་དགོས། འདི་དག་ཚང་མ་ནི་རྒྱལ་སྤྱིའི་བླང་བྱ་ཞིག་ཡིན།

    3. ཉོ་ས་ཡག་པོ་ཤེས་པར་བྱེད་དགོས། གོང་ཁེ་བར་བལྟས་ནས་ལམ་ཟུར་ཚོང་ཁང་དང་འོས་ཐོབ་མེད་པའི་དྲ་ཐོག་ཚོང་ཁང་ནས“མེད་པ་གསུམ”གྱི་ཐོན་རྫས་ཉོ་རྒྱུ་མེད། སྒོ་རྩིས་ཚོང་ཁང་ཆེ་གྲས་དང་གྲགས་ཅན་སྤུས་རྟགས་ཀྱི་ལྟེ་གནས་ཚོང་ཁང་ལ་ཉོ་བར་འགྲོ་དགོས་པ་མ་ཟད། ཐོན་རྫས་སྟེང་ཡིན་གཅིག་བཟོ་གྲྭའི་མིང་དང་། ས་གནས། ཁ་པར་ཨང་གྲངས་བཅས་ཡོད་དགོས། དེ་ལྟར་ཡོད་ཚེ་གཞི་ནས་རང་ཉིད་ཀྱི་ཁེ་དབང་སྲུང་ཐུབ།

    བེད་སྤྱོད་བྱེད་སྐབས“གཟབ་གཟབ་བྱེད་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་དགོས།

    1. འབར་སླ་བའི་དངོས་རྫས་དང་བར་ཐག་འཇོག་དགོས། དྲོད་ལེན་གློག་ཆས་ཉེ་འཁོར་གྱི་སྨི་1གི་སར་ཁྲ་ཡོལ་དང་གྱོན་ཆས་འཇོག་མི་རུང་ལ། འབོལ་ཁྲི་དང་ཉལ་ཁྲིར་སྦྱར་ནས་འཇོག་མི་རུང་།

    2. ཡུན་རིང་སྤྱོད་མི་རུང་། དྲོད་ལེན་གདན“མ་ཉལ་གོང་སྤར་བ་དང་ཉལ་རྗེས་གསོད་དགོས” མཚན་གང་སྤོར་མི་རུང་ལ་དྲོད་ལེན་གློག་ཆས་བསྟུད་མར་སྤྱོད་པའི་དུས་ཚོད་རིང་དྲགས་རྒྱུ་མེད།

    3. བཀོལ་སྤྱོད་ལས་བྱུང་བའི་མི་མངོན་པའི་རྐྱེན་ངན་མི་ཐོན་པ་བྱེད་དགོས། གློག་གསོག་གིན་དྲོད་ལེན་ཆུ་དམ་སྤྱོད་རྒྱུ་མེད་པ་དང་གྱོན་ཆས་ཀྱིས་དྲོད་ལེན་གློག་ཆས་འགེབ་རྒྱུ་མེད་ལ། དྲོད་ལེན་གདན་ལ་གློག་གསོག་སྐབས་ལྟེབ་རྩེག་རྒྱག་རྒྱུ་མེད།

    གཉིས། ཁྱིམ་ཚང་གི་མེ་སྐྱོན་ཐོན་ཉེན་ལ་ཞིབ་བཤེར་བྱེད་དགོས།

    1. གློག་ཆས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས། གློག་སྐུད་རྙིང་པ་ཆགས་པ་དང་ཟད་སྐྱོན་ཡོད་མེད་དང་། རང་འཚམ་ངང་གློག་སྐུད་གང་བྱུང་དུ་ཁྲིད་པའམ་ཡང་ན་ཐེག་ཚད་ལས་བརྒལ་ནས་གློག་སྤྱོད་མིན་ལ་གཙོ་གནད་ཞིབ་བཤེར་བྱེད་དགོས། དྲོད་ལེན་གློག་ཆས་དེ་གྱོན་ཆས་དང་། ཁྲ་ཡོལ། འབོལ་ཁྲི་སོགས་འབར་སླ་བའི་དངོས་རྫས་དང་བར་ཐག་ཡིན་ཅིག་འཇོག་དགོས།

    2. མེ་སྤྱོད་པའི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས། ཐབ་ཚང་གི་སོལ་རླངས་ཐབ་ཆས་དང་སྦུ་གུ་སོགས་ནས་ཕུ་ཤོར་མིན་ལ་ཞིབ་བཤེར་བྱེད་དགོས་པ་དང་། མེ་གཏོང་སྐབས་ཕྱིས་རས་དང་སྣུམ་ཤོག་སོགས་ལ་མེ་མ་མཆེད་པའི་ཆེད་བར་ཐག་རིང་ཙམ་འཇོག་དགོས། མེ་ལྕགས་བྱིས་པས་མ་བསྙབ་སར་འཇོག་དགོས་པ་དང་། ཉལ་ཁྲིའི་སྟེང་ཉལ་ནས་ཐ་མག་འཐེན་པ་དང་ཆང་རག་བཏུངས་ནས་མེ་སྤོར་བ་སོགས་གཏན་ནས་བྱེད་མི་རུང་།

    3. བདེ་འཇགས་བགྲོད་ལམ་ཡག་པོ་གཤང་དགོས། ཉི་གཡབ་དང་། བར་ཁྱམས། ཁྱིམ་གྱི་འཛུལ་སྒོ་བཅས་སུ་ཤོག་སྒམ་སོགས་འབར་སླ་བའི་དངོས་རྫས་མི་འཇོག་པར་བགྲོད་ལམ་ཤར་གཏོང་ཡོང་བར་བྱེད་དགོས། གལ་སྲིད་ཁྱིམ་གྱི་སྒེའུ་ཁུང་ལ་ལྕགས་དྲ་བསྒར་ཡོད་ཚེ། སྐབས་འཕྲལ་གཡོལ་ས་བཟོ་དགོས་པའམ་ཡང་ན་གཡོལ་སྐབས་འགོག་རྐྱེན་བཟོ་བའི་རྐུན་འགོག་སྒྲིག་ཆས་བཤིག་དགོས།

    4. མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་དགོས། ཁྱིམ་སྤྱོད་མེ་གསོད་ཡོ་ཆས་ཀྱི་དུས་ཚོད་ཡོལ་མེད་པའི་ཁར་གནོན་ཤུགས་རྒྱུན་ལྡན་ཡིན་དགོས་པ་དང་། དུ་ཚོར་ཉེན་བརྡ་གཏོང་ཆས་ཀྱི་ནུས་པ་རྒྱུན་ལྡན་ཡིན་པ། དུ་འགོག་གདོང་ཁེབས་སྤྱོད་བདེ་བ་བཅས་ཀྱི་འགན་ལེན་བྱེད་དགོས།

    གསུམ། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ན་རང་སྐྱོབ་ཇི་ལྟར་བྱེད་དགོས།

    1. དུག་ཡོད་ས་ནས་མགྱོགས་མྱུར་ཁ་བྲལ་དགོས། ང་ཚོས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་མཁན་ཡོད་པ་ཤེས་སྐབས། ལམ་སེང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བར་བྱེད་དགོས་པ་མ་ཟད། དབྱང་གཅིག་ཐཱན་འགྱུར་ཐོན་ས་བཀག་དགོས་པ་དང་ཆབས་ཅིག དུག་ཕོག་མཁན་ལམ་སེང་རླུང་འགྲོ་ཤར་གཏོང་ཐུབ་ས་དང་མཁའ་རླུང་སོས་པ་འདང་ངེས་ཡོད་སར་ཁྲིད་དགོས། གལ་ཏེ་དུག་ཚབས་ལྕི་པོ་ཕོག་མེད་ཚེ། མཁའ་རླུང་སོས་པ་བརྔུབས་ན་ཅུང་བདེ་རུ་འགྲོ་སྲིད།

    2. དབུགས་ཀྱི་རྒྱུ་བ་ཡོད་པར་བྱེད་དགོས། དུག་ཕོག་མཁན་དུག་ཡོད་ས་ནས་ཁྲིད་རྗེས། གྱོན་ཆས་ཀྱི་གོང་བ་གཤིག་པ་དང་ཐེབ་ཆི་བཀྲོལ་ནས་དབུགས་ཡག་པོ་གཏོང་ཐུབ་པ་བྱེད་དགོས། ད་དུང་དགུན་ཁའི་སྐབས་ངེས་པར་དུ་དྲོ་ཇུས་བྱས་ནས་འདུས་ནད་མི་ན་བ་བྱེད་དགོས།

    3. དུག་ཕོག་ཚབས་འབྲིང་བའམ་ལྕི་པོ་ཡོད་ཚེ་120ལ་ཁ་པར་རྒྱག་དགོས། གལ་ཏེ་དུག་ཕོག་ཚབས་འབྲིང་བའམ་ལྕི་པོ་ཡོད་པ་ཤེས་ཚེ། ལམ་སེང་120ལ་ཁ་པར་བརྒྱབ་ནས་ཆེད་ལས་ཀྱི་རོགས་སྐྱོབ་རེ་ཞུ་བྱེད་དགོས། དེའི་རིང་དུག་ཕོག་མཁན་གྱི་དབུགས་ཀྱི་རྒྱུ་བར་དོ་སྣང་བྱེད་དགོས་ཤིང་། གལ་ཏེ་དབུགས་རྔུབ་གཏོང་བྱེད་སྐབས་སྙིང་ཁ་གཡུག་མཚམས་གནས་སྐབས་ཆད་ན། ཆེད་ལས་ནད་སྐྱོང་བ་མ་སླེབས་གོང་སྙིང་དང་གློ་བའི་ནུས་པ་སླར་གསོ་ཡོང་ཐབས་བྱེད་དགོས།

    དེ་དང་ཆབས་ཅིག་ཚང་མར་དྲན་སྐུལ་བྱ་རྒྱུར། ཉེན་ཁའི་གནས་ལས་སྐྱོབ་མཁན་ཞིག་ཡིན་པའི་ངོས་ནས་ཕ་རོལ་པོ་སྐྱོབ་རིང་ཞོར་ལ་ཡིན་གཅིག་རང་ཉིད་ལ་བདེ་འཇགས་ཡོང་བར་བྱེད་དགོས། གང་ལགས་ཤེ་ན། དབྱང་གཅིག་ཐཱན་འགྱུར་ཚད་ལས་བརྒལ་སར་བསྡད་དྲགས་ན་གནོད་འཚེ་ཐེངས་གཉིས་པ་ཕོག་ཉེན་ཆེ་བས་ངེས་པར་དུ་གཟབ་གཟབ་བྱེད་དགོས།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།