དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ནུབ་ཀྱིས་ཐོན་ལས་ཀྱི་རིམ་པ་སྤར་ནས་འབྲོག་ལས་དར་རྒྱས་དང་གཟན་རྩྭ་འདང་ངེས་ཡོང་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲང་ངར་ཆེ་བའི་དགུན་ཁར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་འཛོམས་རྒྱལ་གྲོང་རྡལ་ཧ་ཞི་བ་གྲོང་ཚོའི་འབྲོག་པ་པ་དབྱིར་གྱིས་སྨི་ངོས་གྲུ་40ཟིན་པའི་རང་ཁྱིམ་གྱི་རྩྭ་ཁང་ལ་ལྟ་བཞིན་བློ་བདེ་ཞིང་ཡིད་མགུ་བར་གྱུར། “ད་ནི་དགུན་ཁའི་རིང་གཟན་རྩྭ་མི་འདང་བའི་སེམས་ཁྲལ་བྱེད་དགོས་ཀྱི་མེད” ཁོང་གི་བབ་ཆགས་པའི་འཛུམ་མདངས་ལས་ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཀྲོའུ་ཡིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་དྲིན་གྱིས་འབྲོག་པའི་འཚོ་བར་འགྱུར་ལྡོག་ཟབ་མོ་བྱུང་བར་གསལ་འགྲེལ་ཡག་པོ་བརྒྱབ་ཡོད། མཚོ་ནུབ་ཀྱི་གཟན་རྩྭའི་ཐོན་ལས་ཀྱི་བཀོད་པ་ལེགས་སུ་རྒྱུན་མཐུད་ཕྱིན་པ་དང་བསྟུན་ནས། པ་དབྱིར་ལྟ་བུའི་འབྲོག་པ་མང་པོའི་དགུན་སྒྲོལ་རིང་གཟན་རྩྭ་མི་འདང་བའི་སེམས་ཁྲལ་བསལ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། མཚོ་ནུབ་ཀྲོའུ་ཡིས“འདེབས་གསོ་ཟུང་འབྲེལ་དང་། ཞིང་འབྲོག་གསབ་རེས། རྩྭ་ཕྱུགས་རེས་འཁོར”བཅས་ཀྱི་འཕེལ་རྒྱས་ལམ་བུར་ཧུར་ཐག་བསྐྱོད་ནས། གཟན་རྩྭའི་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་མྱུར་པོ་བཏང་བ་ལས། སྒོ་ཕྱུགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་གང་ལེགས་ཐུབ་པ་མ་ཟད། སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལའང་རིམ་གྱིས་འཕོ་འགྱུར་འགྲོ་བཞིན་ཡོད་པ་རེད།

    འགྱུར་ལྡོག་དེ་ནི་བརྒྱུད་རིམ་ལྡན་པའི་རྩེ་རིམ་ཇུས་འགོད་དང་ཐོན་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ་ལས་བྱུང་བ་ཞིག་ཡིན་ཞིང་། མཚོ་ནུབ་ཀྲོའུ་ཡིས《རྩྭ་ཕྱུགས་རེས་འཁོར་གྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》བཟོས་ཏེ། འབྲོག་ཁུལ་གྱི་ཕྱུགས་ཟོག་རྒྱུད་སྤེལ་དང་། ཞིང་ཁུལ་གྱི་གཟན་རྩྭ་ཁ་གསབ། རྩྭ་ར་བསྙལ་ནས་རེས་སྐོར་འཚོ་སྐྱོང་། སྡོམ་གསོ་གཟན་གསོ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བསྟན་པ་དང་། དེའི་དམིགས་ཡུལ་ནི་གཟན་རྩྭ་འདེབས་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། དེ་བཞིན་གསོ་ཚགས་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་གྲངས་འབོར་འཕར་བར་སྐུལ་འདེད་བཏང་ནས། འཁོར་འབྲེལ་ཧྲིལ་པོའི་སྐྱེ་ཁམས་འཁོར་རྒྱུག་དང་ཕན་འབྲས་ཆེ་བའི་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་དེང་རབས་ཅན་གྱི་རྩྭ་ཕྱུགས་ཐོན་ལས་བྱེད་སྟངས་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱ་ཆེད་རེད། གཏེར་ལེན་ཁ་དང་དུར་ལམ་སོགས་སུ་ཡུག་འབྲེལ་གཟན་རྩྭའི་རྟེན་གཞི་རྒྱུན་ཆད་མེད་པར་ཐོན་པ་དང་། མིག་སྔར། ཀྲོའུ་ཡོངས་སུ་མུའུ་ཁྲི་ཡི་གཟན་རྩྭའི་རྟེན་གཞི་ཁག་2དང་མུའུ་སྟོང་གི་རྟེན་གཞི་ཁག་4བསྐྲུན་ཡོད་པར། ལོ་རེར་གཟན་རྩྭ་སྤུས་དག་ཐོན་ཚད་ཏུན་ཁྲི་12ལས་བརྒལ་ཡོད་པ་རེད། འདེབས་ཁྱོན་ཆེ་རུ་ཕྱིན་པ་དང་ཐོན་འབབ་མང་དུ་སོང་བ་དེས་གསོ་ཚགས་གཞི་ཁྱོན་བརྟན་པོ་འཕར་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    ཐོན་ལས་ཀྱི་གཞི་ཁྱོན་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས། མཚོ་ནུབ་ཀྲོའུ་ཡིས་སྐྱེ་ཁམས་ཀྱི་དཀའ་གནད་ལ་གཞིགས་པ་དང་། ས་ཁུལ་ཁག་གཅིག་ཏུ་ས་ཞིང་བ་ཚྭ་ཅན་ལ་འདེབས་འཛུགས་དཀའ་བར་དམིགས་ནས། ས་གནས་དེ་གའི་སྲིད་གཞུང་གིས་ཚན་རིག་ཞིབ་འཇུག་སློབ་གླིང་དང་ཁེ་ལས་དང་ལག་གདང་སྦྲེལ་ནས། ས་ཞིང་བ་ཚྭ་ཅན་གྱི་ས་རྒྱུ་ལེགས་བཅོས་དང་གཟན་རྩྭ་འདེབས་པའི་ལྷན་སྦྱར་གྱི་ལག་རྩལ་ཁྱབ་གདལ་བདེ་བླག་བཏང་ཞིང་། རིམ་རྩིས་བརྒྱབ་ན། ས་ཞིང་བ་ཚྭ་ཅན་སྤྱི་ཆིང་4700ལྷག་ཙམ་གྱི་ས་རྒྱུ་ལེགས་བཅོས་བྱས་ཡོད་པ་རེད། སྔོན་ཆད་རང་དགར་བསྐྱུར་བའི་ས་ཞིང་དག་དེ་ལྟ་གཟན་རྩྭ་ཐོན་ཁུལ་དུ་གྱུར་པས། ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་རང་བྱུང་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ས་ཁོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཕྱུགས་རིགས་སྲུང་སྐྱོང་གི་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    ཁྱིམ་ཚང་རེ་རེའི་ལྷས་ར་ནས་གཅིག་སྡུད་ཡུག་འབྲེལ་གྱི་གཟན་རྩྭའི་རྟེན་གཞིའི་བར་དང་། སྲོལ་རྒྱུན་གྱི་ཕྱུགས་ཟོག་ཁ་ཐོར་འཚོ་སྐྱོང་བྱེད་སྟངས་ནས་ཕན་འབྲས་ཆེ་བའི་མཐུན་སྦྱོར་གྱི་རྩྭ་ཕྱུགས་མཉམ་འགུལ་བར། མཚོ་ནུབ་ཀྲོའུ་ཡིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བརྟན་པོ་བསྐྱོད་དེ། དེང་རབས་ཅན་གྱི་རྩྭ་ཕྱུགས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས། ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།