གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ།
སྡོད་ཁང་གསར་པས་དམངས་སེམས་དྲོས། གྲོང་སྡེ་གསར་པར་ཉམས་བཟང་མངོན།

འདི་ནི་ཚེ་རིང་ལྷ་མོས་སྡོད་ཁང་གསར་པའི་ནང་བུ་མོ་ཆེ་བར་རྩེད་མོ་རྩེ་རོགས་བྱེད་བཞིན་པ།

འདི་ནི་ཚེ་རིང་ལྷ་མོས་ཟླ་མགོ་ཚང་བའི་བུ་མོ་ཆུང་བ་དབྱངས་ཅན་ལྷ་མོ་པང་དུ་ཉར་བཞིན་པ།
དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ལོ་ན་གཞོན་པའི་ཨ་མ་ཚེ་རིང་ལྷ་མོར་མཚོན་ན། 2025ལོའི་ཟླ་1ཚེས་7ཉིན་བརྒྱབ་པའི་ས་ཡོམ་རིམ་པ་6.8ཁྲོད་དུ་ལོ་3ལ་སླེབས་པའི་ཕྲུ་གུ་ཞིག་རྐྱེན་ལམ་དུ་ཤོར་བ་རེད། གསར་འགོད་པ་2025ལོའི་ཟླ་10པར་ཚེ་རིང་ལྷ་མོ་དང་འཕྲད་སྐབས། ཚེ་རིང་ལྷ་མོའི་ཁྱིམ་གྱི་སྡོད་ཁང་གསར་པ་བསྐྲུན་ཟིན་ནས་རྩིས་སྤྲད་ཡོད་པ་མ་ཟད། ཁོང་ལ་སླར་ཡང་མངལ་སྦྲུམ་ཡོད་ལ་སྐྱེ་ཟླ་ཟླ་12པ་རེད་འདུག “ཕྲུ་གུ་སྐྱེ་སྐབས་ང་ཚོ་སྡོད་ཁང་གསར་པར་སྤོས་ཡོད་ངེས་རེད”ཅེས་ཁོང་གིས་རེ་བས་ཁེངས་བཞིན་བཤད། ད་ཆ་ས་ཡོམ་གྱི་གནོད་འཚེ་ཕོག་ནས་ལོ་གཅིག་ཙམ་སོང་བ་དང་། ཚེ་རིང་ལྷ་མོའི་བུ་མོ་ཆུང་བ་དབྱངས་ཅན་ལྷ་མོ་སྐྱེས་ནས་ཟླ་བ་གཅིག་སོང་ཞིང་། དེ་སྔོན་ས་ཡོམ་རྒྱག་སྐབས་ཁོང་གིས་པང་དུ་ཉར་བའི་ཟླ་བ་གཅིག་ལྷག་ཙམ་གྱི་ཕྲུ་གུ་དམར་འབྱར་སྐལ་བཟང་དཔལ་འཛོམས་ད་ཆ་གོམ་པ་སྤོས་ནས་གང་སར་འགྲོ་ཐུབ་ཀྱི་ཡོད། སྡོད་ཁང་གསར་པ་དང་ཚེ་སྲོག་གསར་པ་ལས་ཁྱིམ་ཚང་དེར་རེ་བ་གསར་པ་སྦྱིན་ཡོད།
དིང་རི་རྫོང་གྲོང་ནས་རྡོག་ཐོན་བྱས་ཏེ་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་སྐྱོད་སྐབས། སྣུམ་ནག་གཞུང་ལམ་རྒྱ་ཆེ་ལ་ཁོད་སྙོམས་ཤིང་། གཞོགས་གཉིས་ཀྱི་བོད་བཟོའི་སྡོད་ཁང་གསར་པ་སྟར་ཆགས་སུ་གནས་པ་མ་ཟད། ལམ་རྒྱུད་ཀྱི་གྲོང་སྡེའང་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པས། ས་ཡོམ་གྱི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མེད།
2025ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པར། ས་ཡོམ་རིམ་པ་6.8བརྒྱབ་ནས་ཟིང་དཀར་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་ཡོད། ལོ་གཅིག་སོང་རྗེས། གསར་འགོད་པས་བསྐྱར་སྐྲུན་ཟིན་པའི་གཞུང་ལམ་བརྒྱུད་ནས་གྲོང་སྡེའི་གནས་ཚུལ་གསར་པར་རྩད་ཞིབ་བྱས་པ་ཡིན།
སྐར་མ་50ཙམ་བསྐྱོད་རྗེས་རླངས་འཁོར་གྲོང་ཚོའི་ལམ་མདོར་འབྱོར་བ་དང་། ཁོད་ཡངས་པའི་རིག་གནས་ཐང་ཆེན་མིག་ལམ་དུ་མངོན། དགུན་དུས་ཀྱི་དྲོད་འཇམ་ཉི་འོད་འོག ཡུལ་མི་འགའ་ཞིག་མཉམ་དུ་འཛོམས་ནས་ཁ་བརྡ་གློད་བཞིན་ཡོད་པ་དང་། འགྲམ་དུ་ཤིང་ཏོག་དང་སྔོ་ཚལ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆུང་ངུ་ཞིག་ལ་མི་རྣམས་ཀྱིས་བསྐོར་ནས་གོང་ཚད་འདྲི་བཞིན་མཆིས།
ཐང་ཆེན་གྱི་ཁ་སྤྲོད་དུ་སྡོད་ཁང་གསར་པ་ཞིག་ཡོད་པ་དང་། གྱང་ངོས་སུ“ཟིང་དཀར་གྲོང་ཚོའི་ལོ་རྒྱུས་ཁང”ཞེས་པའི་ཡིག་འབྲུ་ཆེན་པོ་བདུན་མངོན་གསལ་ཤིན་ཏུ་དོད། ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས“ལོ་རྒྱུས་ཁང་དུ་གྲོང་སྡེའི་འཕེལ་རྒྱས་ལོ་རྒྱུས་སྒྲིག་གཤོམ་བྱས་ཡོད་པ་མ་ཟད། ད་དུང་པར་རིས་དང་ཡི་གེའི་ཐོག་ནས་ས་ཡོམ་བརྒྱབ་རྗེས་ཀྱི་རོགས་སྐྱོབ་གནས་ཚུལ་དང་། བསྐྱར་སྐྲུན་གྱི་བརྒྱུད་རིམ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་གསལ་པོར་མཚོན་ཡོད། འདི་གར་ཟིང་དཀར་གྲོང་ཚོའི་དྲན་འཆར་གལ་ཆེ་ཤོས་ཉར་ཡོད་ཅེས་བརྗོད་ཆོག”ཅེས་ངོ་སྤྲོད་བྱས།
“ཤུགས་རྒྱོབ། ཤུགས་རྒྱོབ།……” སྐབས་དེར་དགའ་འབོད་ཀྱི་སྒྲ་ཞིག་གྲོང་ཚོའི་ལོ་རྒྱུས་ཁང་གི་རྒྱབ་ཕྱོགས་ནས་གྲགས་འོང་། གསར་འགོད་པས་དེའི་ཕྱོགས་སུ་ལྟ་དུས་བྱིས་པ་ཁྱུ་ཞིག་གསར་དུ་བསྐྲུན་པའི་སྤོ་ལོའི་ཐང་དུ་རྩེད་འཇོར་རོལ་བཞིན་ཡོད་པ་མཐོང་བ་དང་། རྐང་རྩེད་སྤོ་ལོའི་ཐང་དང་ལན་ཆིའུ་སྤོ་ལོའི་ཐང་དབར་ལྕགས་ཁྲ་བསྐོར་འདུག
“ང་རྐང་རྩེད་སྤོ་ལོ་རྩེད་རྒྱུར་དགའ་པོ་ཡོད། སྔོན་ཆད་གྲོང་ཚོའི་ནང་རྐང་རྩེད་སྤོ་ལོའི་ཐང་མེད་པས་ས་སྟོང་དུ་རྩེད་རྒྱུ་ལས་ཐབས་གཞན་མེད། ད་ལྟ་སྔོ་ཐིང་ཐིང་གི་སྤོ་ལོའི་ཐང་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་ལོ་13ལ་སླེབས་པའི་ངག་དབང་བློ་ལྡན་གྱིས་སྤོ་ལོའི་ཐང་གསར་པར་ལྟ་བཞིན་དགའ་ཚོར་ཆེན་པོས་གསར་འགོད་པར་དེ་ལྟར་བཤད།
བསྐྱར་སྐྲུན་བྱེད་རིང་། ས་གནས་དེ་གའི་སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་སླར་གསོ་དང་ལེགས་སྒྱུར་འདི་ལས་འགན་ཨང་དང་པོར་བརྩིས་ནས། ཕྱོགས་མང་པོའི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་འགྲོ་ལམ་དང་ཆུ་གློག་སོགས་ཀྱི་རྨང་གཞིའི་ལས་གྲྭ་ཉམས་གསོ་བྱས་པ་མ་ཟད། སྨན་བཅོས་དང་། རིག་རྩལ། སློབ་གསོ། ཚོང་ལས་སོགས་ལྷན་སྦྱར་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་མིའི་འཚོ་བ་སྔར་བས་སྟབས་བདེ་ཡོང་བར་བྱས་ཡོད།
“ད་ཆ་སྤོ་ལོའི་ཐང་འདི་ནི་གྲོང་ཚོ་ཡོངས་ཀྱི་འཁྲུག་ཆ་དོད་ཤོས་ཀྱི་ས་ཆ་ཞིག་རེད། ཞོགས་པ་ནས་ས་སྲོད་བར་རྩེད་མོ་བརྩེ་མཁན་མང་པོ་ཡོད། གྲོང་ཚོའི་ཕྲུ་གུ་རྣམས་ལ་རྩེད་མོ་རྩེ་ས་ཡོད་པ་དང་རྒན་རྒོན་རྣམས་ལ་སྦྱོང་བརྡར་བྱེད་ས་ཡོད”ཅེས་པ་སངས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
གླེང་མོལ་བྱེད་ཞོར་པ་སངས་ཀྱིས་གསར་འགོད་པ་ཁྲིད་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བསྐྱོད། ཐོག་སོ་གཉིས་ལྡན་གྱི་ཁང་པའི་ནང་བརྟག་བཅོས་ཁང་དང་། སྨན་རྫས་ཁང་། སྨན་ཆུ་བླུག་ས་བཅས་གསལ་པོར་དབྱེ་ཡོད་ཅིང་། ཁྲག་ཤེད་འཇལ་ཆས་དང་ཉན་བརྟག་ཡོ་བྱད་སོགས་ཀྱི་སྒྲིག་ཆས་གང་མཁོ་ཅི་འཛོམས་ཡོད་པ་རེད། བརྟག་བཅོས་ཁང་དུ་སྨན་པས་ནད་ལྟ་བར་ཡོང་བའི་བྱིས་པར་བརྟག་དཔྱད་བྱེད་བཞིན་ཡོད། པ་སངས་ཀྱིས“རྒྱུན་ཐོན་ཆམ་ནད་དང་། ཚ་བ་རྒྱས་པ། གློ་རྒྱག་པ་བཅས་ཀྱི་ནད་ཆུང་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་བཅོས་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།