དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་འཇུག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“ཏང་གི་རང་ངོས་གསར་བརྗེ་དེ་གཙོ་བོ་དབང་ཆ་བཅོས་སྐྱོང་ལ་ཐུག་ཡོད་པས། དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་གལ་ཆེན་ཞིག་རེད”སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་འགན་ལེན་བརྟན་པོ་བྱེད་པར་དམིགས་ནས“དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་འཇུག་དགོས་པའི”བླང་བྱ་བཏོན་གནང་ཡོད།
ལམ་ལུགས་ནི་རྒྱལ་ཁབ་བརྟན་ལྷིང་དང་བདེ་འཇགས་ཡོང་བའི་རྩ་བ་རེད་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་རྩ་བ་ཡང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཏན་འབེབས་དང་དག་བཅོས་བྱས་པའི་གྲངས་འབོར་སྔར་བྱུང་མྱོང་མེད་ལ། ཐོན་པའི་ཕན་འབྲས་ཀྱང་སྐྱེ་བོ་ཀུན་གྱིས་མཐོང་གསལ་ཞིག་རེད། སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་གསར་བརྗེའི་ལམ་ལུགས་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་བཅོས་སྐྱོང་བྱེད་པའི་དམིགས་བསལ་གྱི་བྱེད་ཐབས་ཤིག་ཏུ་གྱུར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པར་ལམ་ལུགས་ཀྱི་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་ཚགས་དམ་ཞིང་རྙོག་འཛིང་མེད་པ་དང་སྤྱོད་གོ་ཆོད་པ་དགོས་ལ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་གསུངས་པ་རེད།
“ཞི་མི་ལྷས་རར་འཇུག་པ”དང“ཤོག་བུའི་རླུང་ཙིར་སྟག་འཇུག་པའི”བྱེད་སྟངས་བཀག་འགོག་བྱེད་པའི་འགག་རྩ་ནི“ཚན་རིག་དང་མཐུན་ལ་ནུས་ལྡན་ཡོང་རྒྱུར”ཐུག་ཡོད།
ཕྱོགས་གཅིག་ནས་ཁྲིམས་སྲོལ་དང་ལམ་ལུགས་ཁག་གཅིག་གི་གཏན་འབེབས་ཀྱི་རྩ་དོན་རགས་རིམ་དང་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་རླུང་ཙི་ཚགས་དམ་དུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་དང་ལམ་ལུགས་ལ་སྲུང་བརྩི་ཞུ་བའི་ཐད་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་དང་ལམ་ལུགས་ལག་བསྟར་བྱེད་པའི་ཐད་དམིགས་བསལ་གང་ཡང་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ“གློག་དམར་བརྒལ་མཁན”དང“ལྕགས་དྲ་འཛེག་མཁན”ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། ལམ་ལུགས་ཀྱི་གཏན་འབེབས་དེ་མཐོ་གནོན་གློག་སྐུད་ལ་འགྱུར་བར་བྱེད་དགོས།
ལས་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་དངོས་སུ་ཚོར་ཐུབ་པའི་འགྱུར་ལྡོག་ཁྲོད་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕུགས་ཀྱི་ཐབས་ཇུས་དང་རྩ་བའི་ཐབས་ཇུས”ལ་སྔར་བས་གོ་བ་ལེན་ཐུབ།
སྟག་གིས་གནམ་ཟ་བར་ཟ་སྟངས་མ་ཤེས་པའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཏན་འབེབས་ལག་བསྟར་བྱེད་འགོ་ཚུགས་ནས་གནད་དོན་ཐག་གཅོད་དང་སྒྲིག་སྲོལ་ནན་དུ་བཏང་ཡོད། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ནས་འགོ་བརྩམས་ཏེ། སྒྲིག་ལམ་ནན་པོ་བཟོ་བ་དང་གཅུན་འདོམས་ནན་པོ་བྱེད་དགོས། སྔོན་ཆད་བཀག་འགོག་ཐུབ་མི་སྲིད་སྙམ་པའི་ཚུལ་མིན་སྤྱོད་ངན་མི་ཉུང་བ་ཞིག་བཀག་འགོག་ཐུབ་པ་དང་། ལོ་མང་རིང་བཅོས་དཀའ་བའི་གཅོང་ནད་འགའ་ཞིག་བཅོས་ཐུབ་ཡོད། “ཡིག་ཆ་བརྒྱ་ཕྲག་བཀྲམ་རུང་དོན་འཁྱོལ་བྱེད་མཁན་མེད་པའི”ཟང་ཟིང་གི་རྣམ་པ་མཇུག་འགྲིལ་ནས་ཏང་སྲོལ་དང་སྲིད་སྲོལ་རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། “གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་བཏང་བ”དེར་མི་དམངས་མང་ཚོགས་ཚོས་བསྔགས་བརྗོད་བྱེད་པ་མ་ཟད། ཏང་ཡོངས་ལ་ལམ་ལུགས་འཛུགས་སྐྱོང་གི་ཚད་ཤིང་བཙུགས་ཡོད་པ་རེད།
ཏང་སྲིད་ལས་ཁུངས་ཁག་གཅིག་གིས་འཕང་མེད་འཕུང་མེད་དང་རྒྱས་སྤྲོས་ཆུད་ཟོས་བྱེད་པའི་སྣང་ཚུལ་ལ་བཀག་སྡོམ་ཐེངས་མང་བྱས་ཀྱང་མཚམས་མི་འཇོག་པའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
2025ལོར་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དེས་ཚུལ་མིན་སྤྱོད་ཚུལ་ལ་དམིགས་ཤིང་། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་བས་དམ་དུ་གཏོང་བ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་རགས་ཆེན་སྲ་བརྟན་དུ་བཏང་ནས་གྲོན་ཆུང་དེ“བླང་བྱ”ནས“གོམས་གཤིས”སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཟོས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་བསྒྱུར་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་པ་ནས། 《གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་སྤྱོད་གཙང་ངང་འགན་འཁྲི་སྒྲུབ་པའི་གཏན་འབེབས》ལ་བཟོ་བཅོས་བརྒྱབ་པ་དང་། ལས་བྱེད་པས་སྤྱོད་གཙང་འགན་སྒྲུབ་བྱེད་པ་དང་ཆབས་ཅིག བློ་སྟོབས་ཆེར་སྐྱེད་དང་ཁུར་པོ་མེད་པར་ལས་ཀ་བྱེད་རྒྱུར་རམ་འདེགས་བྱེད་པའི་བར། དེ་ནས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྐོར་གྱི་སྲོལ་ཡིག》བཏོན་ནས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་པ་སོགས་བར། ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དེ་བས་ནུས་ལྡན་ཡོང་བར་བྱེད་དགོས།
རྒྱལ་སྤྱིའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་ལས་རྒྱལ་ཁབ་མང་པོའི་སྲིད་ཏང་གི་བློ་སྒོ་ཕྱེ་ཐུབ་པ་སྟེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ཀྱི་ལག་བསྟར་འཐུས་སྒོ་ཚང་དུ་གཏོང་བ། ཀུན་སྤྱོད་ཀྱི་སྣེ་ཁྲིད་ལ་སྣང་ཆེན་བཅས་བྱས་པ་བརྒྱུད་སྲིད་ཏང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཐུབ་པའི་གདེང་འཇོག་བྱེད་ཀྱི་ཡོད།
ལམ་ལུགས་ཀྱི་གསོན་ཤུགས་དེ་ལག་བསྟར་ལ་ཐུག་པ་དང་། འགག་རྩ་ནི་དམ་འཛིན་ནན་པོ་དང་བརྟེན་ས་ནི་དོ་དམ་ནན་པོ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘འགོ་ཁྲིད་གཙོ་བོས’སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་དགོས” “ཁྲིམས་སྲོལ་དང་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས”“ཏང་དོན་དང་སྲིད་དོན་དེ་བས་ཁ་གསལ་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ས་ཁུལ་ཞིག་གམ་སྡེ་ཚན་ཞིག་གིས་ལམ་ལུགས་ལག་བསྟར་ཡག་པོ་བྱས་མིན་གྱི་འགག་རྩ་ནི“འགོ་ཁྲིད་གཙོ་བོར”ཐུག་ཡོད། རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ“འགོ་ཁྲིད་གཙོ་བོས”རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དེ་ལག་བསྟར་གནད་ལ་འཁེལ་བ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ལྟ་སྐུལ་ཡང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་སྒྲིག་ཁྲིམས་ཤེས་པ་དང་། སྒྲིག་ལམ་ཤེས་པ། གུས་སྐྲག་ཤེས་པ་བཅས་བྱས་ནས་ཁྲིམས་སྲོལ་དང་ལམ་ལུགས་ནི“འཆིང་སྔགས”ཡིན་ལ། དེ་བས་ཀྱང“སྲུང་འཁོར”ཡིན་པ་ངོས་འཛིན་ཐུབ་པར་བྱེད་དགོས། དབང་ཆ་ཕྱི་གསལ་ནང་གསལ་གྱིས་སྤྱོད་ཐུབ་པ་དང་སྒྲིག་སྲོལ་གསལ་པོ་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ཚེ། ད་གཟོད་ལྐོག་སྲོལ་མེད་པར་གྱུར་ཐུབ་ལ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་སྒྱུར་ཐུབ།
བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་འདོད་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་དང་ལས་འགན་གཉིས་ཕྲག་ཏུ་འཁུར་དགོས། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་བཅུག་ཚེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྣེ་ཁྲིད་དང་འགན་སྲུང་བྱེད་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་13ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།