བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ར་འོག་གྲོང་རྡལ་གྱིས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག་པ།
“མཛེས་ལྗོངས་ནི་སྔོན་འགྲོའི་ཆ་རྐྱེན་དང་སྒྲིག་བཀོད་ནི་རྨང་གཞི་ཡིན་ལ། མིའི་འགྱུར་ལྡོག་ནི་དེ་བས་གཞི་རྩ་རེད”

འདི་ནི་གངས་བབས་རྗེས་ཀྱི་ར་འོག་མཚོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ།
བྱམས་པ་སྟོབས་རྒྱལ་གྱི་དམངས་སྲོལ་གནས་ཚང་དུ་སྡོད་སྐབས་སྒེའུ་ཁུང་ཕྱིའི་ངོ་མཚར་མཛེས་ལྗོངས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཕྱོགས་བཞི་གངས་རིས་སྐོར་བ་དང་། ནགས་ཚལ་སྟུག་པ། འཁྱགས་རོམ་རི་རྩེ་ནས་གཡུ་འབྲུག་འཁྱུག་པ་ལྟར་གནས་པ། ར་འོག་གཙང་པོ་སྔོ་ཐིང་ཐིང་དང་རླབས་རིས་ཤིག་ཤིག་ཏུ་གནས་པ་བཅས་ནི་མཛེས་རིས་ཤིག་དང་གཉིས་སུ་མ་མཆིས།
“ལོ་ཤས་གོང་ར་འོག་གྲོང་རྡལ་དུ་ཡོང་མཁན་ཡུལ་སྐོར་བ་མང་ཆེ་བ་ནི་ལམ་ཞོར་དུ་དེ་གར་ཡོང་ནས་པར་རྒྱག་པ་དང་འབྱོར་ཐོ་འགོད་ཙམ་བྱས་རྗེས་འབབ་ཚུགས་རྗེས་མར་མུ་མཐུད་བསྐྱོད་ནས་ང་ཚོའི་འདིར་ཞག་སྡོད་བྱེད་མཁན་མེད་པས་ཡོང་འབབ་དེ་ཙམ་རག་གི་མེད”ཅེས་ར་འོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་སྟོབས་ལྡན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད།
2022ལོ་ནས་བཟུང་། ར་འོག་གྲོང་རྡལ་གྱིས་སྒྲིག་བཀོད་རིམ་སྤོར་བྱེད་འགོ་ཚུགས་པ་སྟེ། འགྲོ་ལམ་དེ་བས་ཡངས་ཤིང་བདེ་བ་དང་། ལྟ་སྐོར་ལམ་བུ་སོགས་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། ད་དུང་དེ་བས་ཚན་རིག་དང་མཐུན་ལ་སྟབས་བདེ་ཞིང་མཛེས་ལྗོངས་ཐུན་མོང་མ་ཡིན་པའི་ལམ་ཐིག་བཀོད་སྒྲིག་ཀྱང་བྱས་ཡོད།
འགྲིམ་འགྲུལ་ཉིན་རེ་བཞིན་སྟབས་བདེ་རུ་འགྲོ་བཞིན་ཡོད་ཅིང་། ར་འོག་མཚོའི་མཛེས་ལྗོངས་ཁུལ་དང་། གངས་རི་དཀར་པོ། ར་འོག་བྲག་ཕུག ལ་སྒོ་འཁྱགས་རོམ། རྭ་ཉག་རྩྭ་ཐང་སོགས་མཛེས་ལྗོངས་ཁུལ་གཅིག་རྗེས་གཉིས་མཐུད་ངང་གསར་སྤེལ་བྱས་པས། ཡུལ་སྐོར་བས་གངས་རི་དང་། ནགས་ཚལ། མཚོ་བཅས་ཀྱི་ངོ་མཚར་མཛེས་ལྗོངས་མྱོང་རོལ་ཐུབ་ཀྱི་ཡོད།
“མཛེས་ལྗོངས་ནི་སྔོན་འགྲོའི་ཆ་རྐྱེན་དང་སྒྲིག་བཀོད་ནི་རྨང་གཞི་ཡིན་ལ། མིའི་འགྱུར་ལྡོག་ནི་དེ་བས་གཞི་རྩ་རེད” “རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་ཕྱིན་ནས་ཚང་མའི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དེ་བས་གལ་ཆེ་བ་ཞིག་ནི་ཁོར་ཡུག་ལ་འཛིན་པའི་ལྟ་བར་འགྱུར་ལྡོག་ཕྱིན་ཡོད”ཅེས་བསོད་ནམས་སྟོབས་ལྡན་གྱིས་བཤད།
དེ་སྔ་གྲོང་མི་ཚོས་ར་འོག་གྲོང་རྡལ་ཉེ་འཁོར་གྱི་རི་བོ་དང་འདམ་ར་གསར་སྦོལ་དང་ཕྱུགས་གསོ་ཇི་ལྟར་བྱ་རྒྱུའི་བསམ་བློ་གཏོང་མོད། ད་ཆ་ཚང་མས་ནགས་སྲུང་བ་དང་ཆུ་སྲུང་བ་སོགས་སྐྱེ་ཁམས་སྲུང་སྐྱོང་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རང་རྟོགས་ངང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ནགས་སྲུང་བས་གཟའ་འཁོར་རེར་རི་དང་མཚོར་སྐོར་གཡེང་ཐེངས་གཉིས་ནས་གསུམ་བར་བྱེད་བཞིན་ཡོད། 2024ལོ་ནས་བཟུང་། ར་འོག་གྲོང་རྡལ་གྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས་400ལྷག་ཙམ་བྱས་པ་དང་། མི་ཐེངས་2200ལྷག་ཙམ་ཞུགས་པ། གད་སྙིགས་ཏུན་40ལྷག་ཙམ་གཙང་འདྲེན་བཅས་བྱས་པས་ཁོར་ཡུག་ལེགས་སུ་ངེས་ཅན་ཕྱིན་ཡོད།
སྒོ་འགྲམ་གྱི་མཛེས་ལྗོངས་ལས་གོ་སྐབས་དང་འབབ་འཕར་བྱུང་ཞིང་། “ལོ་ཤས་རིང་ང་ཚོའི་གྲོང་རྡལ་དེ་ཡུལ་སྐོར་བ་སྡོད་སའི་གནས་གལ་ཆེན་ཞིག་ཏུ་གྱུར་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཆེད་མངགས་ར་འོག་མཚོའི་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད། ར་འོག་གྲོང་རྡལ་གྱིས་ལོ་ལྟར་ཡུལ་སྐོར་བ་ཁྲི་15ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་6000ཙམ་ཟིན་གྱི་ཡོད”ཅེས་བསོད་ནམས་སྟོབས་ལྡན་གྱིས་ངོ་སྤྲོད་བྱས།
འགྲུལ་པ་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་བྱས་པས། རིམ་མཐོའི་གསོལ་མགྲོན་ཁང་ཁག་གཅིག་ར་འོག་ཏུ་གཞིས་ཆགས་ཡོད། བྱམས་པ་སྟོབས་རྒྱལ་གྱི་བུ་དོན་གྲུབ་ཕུན་ཚོགས་གྲོང་རྡལ་གྱི་གསོལ་མགྲོན་ཁང་ཞིག་ལ་ལས་ཀར་འགྲོ་བཞིན་ཡོད་པ་རེད།
“ཁྱེད་ལ་གསོལ་མགྲོན་ཁང་གཉེར་སྐྱོང་གི་ཉམས་མྱོང་ཡོད་པས་ང་ཚོ་མཉམ་དུ་དམངས་སྲོལ་གནས་ཚང་ཞིག་བཙུགས་ན་གང་འདྲ་འདུག་གམ”ཞེས་བྱམས་པ་སྟོབས་རྒྱལ་གྱིས་བུ་དང་གྲོས་བསྡུར་བྱས།
“གྲོང་རྡལ་ལ་བོད་སྐྱོར་མ་དངུལ་རག་རྗེས་རིག་གནས་ཡུལ་སྐོར་ལས་གཉེར་པ་ས་ཆ་གཞན་དུ་གསོ་སྦྱོང་ལ་ཞུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་ཁྱེད་ཚོར་མི་གྲངས་བརྩོན་ལེན་བྱེད་རོགས་བྱས་ཆོག”ཅེས་གྲོང་ཚོའི་ལས་བྱེད་པ་ཞིག་གིས་བྱམས་པ་སྟོབས་རྒྱལ་ལ་སྐུལ་ལྕག་བྱས།
ཡུན་རིང་མ་སོང་བར། བྱམས་པ་སྟོབས་རྒྱལ་དང་གྲོང་རྡལ་གྱི་ཡུལ་མི་འགའ་ཞིག་མཉམ་དུ་སི་ཁྲོན་སོགས་སུ་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་སྟངས་སློབ་སྦྱོང་བྱེད་པར་བསྐྱོད། “བུས་གསོལ་མགྲོན་ཁང་ཆེན་པོར་སློབ་སྦྱོང་བྱེད་པར་སོང་བ་དང་ངས་ས་ཆ་གཞན་གྱི་མགྲོན་ཁང་ནས་སློབ་སྦྱོང་བྱས་པ་ཡིན། ང་ཚོའི་ཉམས་མྱོང་ཟུང་འབྲེལ་བྱས་ན་དམངས་སྲོལ་གནས་ཚང་ལ་ཡོང་འབབ་ཡོང་ངེས་རེད”ཅེས་གསོ་སྦྱོང་ལ་ཞུགས་པའི་བྱམས་པ་སྟོབས་རྒྱལ་གྱིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད།
མཛེས་ལྗོངས་ཡག་པོ་ཡོད། ད་ནི་ཞབས་ཞུ་ཇི་ལྟར་བྱ་རྒྱུ་དེ་འགག་རྩ་རེད། སྐུ་མགྲོན་ཚོ་སྡོད་སའི་ཆ་རྐྱེན་ཅི་འདྲ་ཞིག་ལ་དགའ་པོ་ཡོད་པ་དང་གང་དུ་པར་རྒྱག་ས་ཡག་པོ་ཡོད་པ་སོགས་ཀྱི་གནད་དོན་དེ་དག་ཐག་གཅོད་བྱེད་པར་དོན་གྲུབ་ཕུན་ཚོགས་ཧ་ཅང་མཁས་པོ་ཡོད་པས། ཁོ་པས་སྐུ་མགྲོན་གྱི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད། དམངས་སྲོལ་གནས་ཚང་གཉེར་ནས་ལོ་གཅིག་ལྷག་ཙམ་རིང་ཡོང་འབབ་སྒོར་ཁྲི་31ལྷག་ཙམ་རག་ཡོད།
“ས་གནས་ཁག་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་། ཕ་ཡུལ་གྱི་མཛེས་ལྗོངས་ང་ཚོའི་ནོར་གཞོང་ལྟ་བུར་གྱུར་ཡོད། ང་ཚོ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་རྩྭ་ཐང་དང་གངས་རིའི་སྐྱེ་ཁམས་བཟང་པོས་ད་ཆ་ང་ཚོ་ཕྱུག་པོའི་ལམ་དུ་ཁྲིད་བྱུང”ཞེས་བསོད་ནམས་སྟོབས་རྒྱལ་གྱིས་བཤད།
“ང་ཚོས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་འབད་འཐབ་ལྷོད་མེད་བྱས་ཏེ་ཡུལ་སྐོར་གཙོ་གནད་དུ་བྱས་ནས་སྐྱེལ་འདྲེན་ལས་རིགས་དང་། ཞབས་ཞུའི་ལས་རིགས། འདེབས་འཛུགས་གསོ་ཚགས་ལས་རིགས་སོགས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བསོད་ནམས་སྟོབས་ལྡན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།