སྐྱེ་ཁམས་སྔོན་ལ་བཞག་པས་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བ།
2025ལོའི་ཟླ་12ཚེས་31ཉིན་གྱི་དགོང་དྲོའི་ཉི་མ་རི་བོ་གནམ་ལྕགས་འབར་བའི་རྩེ་མོར་འཕྲོ་སྐབས། བོད་ལྗོངས་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གྱི་ཟུར་གསུམ་གྲོང་ཚོར་ཡོད་པའི་ཡུལ་སྐོར་བ་རྣམས་ཧང་སངས་ཏེ་ཚང་མའི་ངག་ནས“དེ་འདྲའི་མཛེས་པ་ལའང”ཞེས་དབང་མེད་དུ་བརྗོད་པར་ཐལ།
ཉང་ཆུའི་ཟམ་ཆེན་བརྒྱུད་ནས་འགྲོ་དུས་རི་ཆུའི་དབར་དུ་གནས་པའི་ཡར་ཉང་འདམ་ར་མཐོང་སྐབས་དང་། བྲག་གསུམ་མཚོར་རྐང་ཐང་མར་འགྲོ་དུས་གཡུ་ཡི་མེ་ལོང་འཕྱིས་འདྲའི་མཚོ་མོའི་མཛེས་པས་མིག་ཟུང་སྐད་ཅིག་ཙམ་ཡང་ཟུམ་པར་མི་ཕོད་པའི་སྐབས། ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་འགྲོ་དུས་ཐོག་ཁ་ནས་རྩྭ་རྩི་ཤིང་གིས་བརྒྱན་པའི་ལྷོ་རིའི་སྤྱི་གླིང་མིག་ལམ་དུ་འཆར་བའི་སྐབས་སུ“དེ་འདྲའི་མཛེས་པ་ལའང”ཞེས་པའི་བབ་ཆགས་པའི་སྐད་ཆ་དེ་ཡང་ཡང་རྣ་ལམ་དུ་ཐོས་རྒྱུ་ཡོད།
ཚང་མས་ས་མཐོར་ཤིང་སྣ་དཀོན་ཟེར་ཡང་། དེང་སང་བོད་དུ་དགུན་དུས་ཀྱང་སྔོ་ལྗང་རྩི་ཤིང་གིས་རབ་ཏུ་བརྒྱན་པའི་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ཡུལ་དེའི་མིས་སྔོན་མ་རི་བོ་རྣམས་སྐྱ་ཐེར་ཐེར་རེད་ཅེས་ཟེར་གྱི་ཡོད། སྐྱ་ཐེར་ཐེར་གྱི་རི་བོར་སྔོ་ལྗང་གོས་བཟང་བཀླུབ་རྒྱུ་དེ་ནི་དུས་ཚོད་ཐུང་ཐུང་ནང་སྒྲུབ་ཐུབ་པ་ཞིག་མ་རེད། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆ་ཕྱེད་ཀ་ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། ཉམས་ཞན་དུ་གྱུར་པའི་འདམ་ར་དང་རྩྭ་ཐང་བཅོས་སྐྱོང་སླར་གསོ་བྱས་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་བྱེད་ཚད་མུའུ་ཁྲི་110ལྷག་ཟིན་པ། སྐྱེ་ཁམས་བདག་སྐྱོང་བ་ཁྲི་51.6གིས་ཁྱིམ་གཞིས་བསྲུངས་ནས་གངས་ལྗོངས་ས་མཐོར་ཆུ་མོ་དྭངས་ཤིང་སྔོ་ལྗང་རྩི་ཤིང་གིས་བརྒྱན་པ་དང་ནམ་མཁའ་གཡའ་དག་པའི་ཁོར་ཡུག་ཅིག་བསྐྲུན་ཡོད།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན་ཞིང་། གང་དུ་བསྐྱོད་ཀྱང་དྭངས་གཙང་ནུས་རྒྱུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་། གྲོང་མི་ཚོས་བརྐོ་འདྲུའི་འཕྲུལ་འཁོར་བཏང་སྟེ་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་ནང་ཞུགས་པ། སྐྱེ་ཁམས་ཡུལ་སྐོར་དེ་བས་གྲ་རྒྱས་སུ་སོང་སྟེ་སྤོ་བོ་རྫོང་ཀ་གནམ་གྲོང་ཚོས་བོད་བཟོའི་ཁང་པ་རྣམས་དམངས་སྲོལ་གནས་ཚང་དུ་བསྒྱུར་ཏེ“ཁམ་བུའི་མེ་ཏོག་དུས་ཆེན”ལ་བརྟེན་ནས་མི་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་པ། ར་མོ་ཤག་ཆེན་དང་ཀོ་ཤའི་ཐོན་ལས་གླིང་དུ་ནགས་ཁྲོད་འདེབས་འཛུགས་འཕེལ་རྒྱས་བཏང་བ་མ་ཟད། ཡུལ་སྐོར་བ་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་ཡང་བཀུག་པ། མཛེས་སྡུག་ལྡན་པའི་འཚོ་བ་བལྟས་ན་མཐོང་ཐུབ་ཅིང་། རེག་ན་ཚོར་ཐུབ་པ་དང། བོད་རིགས་ཁ་ལོ་བས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ་ཕ་ཡུལ་གྱི་མཛེས་ལྗོངས་མཉམ་སྤྱོད་བྱས་ཏེ་ཡུལ་སྐོར་བར་ལྟ་སྐོར་གྱི་ལམ་ཐིག་བཟོས་པས་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་གཅིག་ལ་སྒོར་1000ལྷག་གསོག་ཐུབ་ཀྱི་ཡོད།
རྒྱལ་ལམ་318བརྒྱུད་ནས་བསྐྱོད་ན་འཁྲིས་ཀྱི་ཡར་ཀླུང་གཙང་པོ་ནི་གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་པ་ལྟར་གྱ་གྱུའི་ཉམས་དང་བཅས་ཏེ་མདུན་ཕྱོགས་སུ་བཞུར། འདི་གའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ན་ལྗང་མདོག་གི་ཞིང་ཁམས་འདིའི་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་རྒྱས་ངེས་རེད།
འབྲེལ་ཡོད་གསར་འགྱུར།