དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཕ་ཡུལ་གྱི་མཛེས་ལྗོངས་ཀྱིས་ངའི་བྱ་གཞག་ལེགས་གྲུབ་བྱུང་སོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འཕྲིན་ལས་དོན་གྲུབ།   |     སྤེལ་དུས།  2026-01-14

    2024ལོར་ངས་ས་ཆ་གཞན་ནས་ཕ་ཡུལ་དུ་ལོག་སྟེ་རིག་གནས་སྨྱན་སྦྱོར་ཀུང་སི་ཞིག་བཙུགས་པ་ཡིན། ཕ་ཡུལ་གྱི་མཛེས་ལྗོངས་ལ་བརྟེན་ནས་ངའི་བྱ་གཞག་ལེགས་གྲུབ་ཐུབ་ཡོང་སྙམ་པ་ཆུང་དུས་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

    ལོ་འདི་དག་རིང་། ཕ་ཡུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་བྱེད་ཚད་ཆེ་རུ་བཏང་ཡོད། གྲོང་རྡལ་དུ་སྒྲིག་བཀོད་གསར་པ་བརྒྱབ་པ་དང་། གད་སྙིགས་དང་བཙོག་ཆུ་གཙང་གསིང་ཡང་དེ་བས་ཚད་ལྡན་དུ་གྱུར་པ། གྲོང་ཚོས་ཡུལ་མི་ཚང་མ་སྒྲིག་འཛུགས་བྱས་ཏེ་བདག་སྐྱོང་བའི་འགན་འཁུར་དུ་བཅུག་ནས་རི་བོ་དང་། མཚོ་མོ། ནགས་ཚལ་བཅས་ལ་སྐོར་ཞིབ་བྱེད་དུ་བཅུག་ཡོད།

    ཁོར་ཡུག་སྔར་ལས་མཛེས་སུ་སོང་བ་དང་ཡུལ་སྐོར་ལམ་ཐིག་ཁག་ཀྱང་ཇེ་ལེགས་ཇེ་བཟང་དུ་སོང་བས་ཡུལ་སྐོར་བ་དེ་བས་མང་བས་འདི་གར་སྡོད་འདོད་བྱེད་ཀྱི་འདུག ཐ་ན་ཡུལ་སྐོར་ཚོགས་པ་ཞིག་གིས་ཆེད་མངགས་ར་འོག་གྲོང་རྡལ་དམིགས་སར་བྱས་ཏེ་ཡུལ་སྐོར་ཞིབ་ཚགས་བྱེད་སའང་བཏོན་ཡོད།

    རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་བྱུང་བ་དེས་ང་དང་འདྲ་བའི་གློག་བརྙན་བརྙན་འཕྲིན་གྱི་ལས་ཀ་བྱེད་མཁན་ལ་གོ་སྐབས་བསྐྲུན་ཡོད། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་རྗེས་ངའི་ལས་ཀ་གཙོ་བོ་ནི་རང་བྱུང་མཛེས་ལྗོངས་ཀྱི་དྲིལ་བསྒྲགས་པར་གཞི་སྣ་ཚོགས་དང་དེ་བཞིན་ཡུལ་སྐོར་བར་ཡུལ་སྐོར་གྱི་དྲན་རྟེན་འདྲ་པར་རྒྱག་རྒྱུ་དེ་ཡིན། ཡུལ་སྐོར་བས་ང་འཚོལ་དོན་ནི་ཡུལ་ལྗོངས་ལ་རྒྱུས་མངའ་ཡོད་པའི་ས་ཆ་དེ་གའི་མི་ཞིག་དགོས་པས་རེད། ང་ཆུང་དུས་ནས་ར་འོག་ཏུ་འཚར་ལོངས་བྱུང་བས་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྔ་ས་ནས་རྒྱུས་མངའ་གསལ་གསལ་ཐིང་ཐིང་ཡོད།

    ང་རང་པར་ཆས་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་པར་དུ་ལེན་རྒྱུར་ཧ་ཅང་དགའ་པོ་ཡོད། མ་འོངས་པར་ངས་ཕ་ཡུལ་གྱི་མཛེས་ལྗོངས་ཁྱབ་གདལ་བྱེད་རྒྱ་ཆེ་རུ་བཏང་སྟེ་མི་དེ་བས་མང་བས་ར་འོག་ལ་རྒྱུས་མངའ་ཡོང་བར་བྱེད་ཀྱི་ཡིན།

    (རྩོམ་པ་པོ་ནི་ར་འོག་གྲོང་རྡལ་གྱི་གྲོང་མི་ཡིན་པ་དང་འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བཅར་འདྲི་ལེགས་སྒྲིག་བྱས)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།