“ལས་གྲྭ་འདིས་ང་ཚོ་ཕྱིར་སྐྱོད་པར་སྟབས་བདེ་ཆེན་པོ་བྱུང”
ཞོགས་པའི་ཉི་འོད་ཨེ་ཁྭ་ཏོར་གྱི་ཧྲེང་ཨེ་ལོན་ན་གྲོང་ཁྱེར་གྱི་མ་ལེ་ཁུང་མཚོ་འགྲམ་ལམ་དུ་འཕྲོས་ཤིང་། དྭངས་ཤིང་གཙང་བའི་མཚོ་མོ་དང་། མཐའ་ཡས་པའི་ནམ་མཁའ། ཁོད་སྙོམས་པའི་ལམ་བུ་གསར་པ་བཅས་གཅིག་ལ་གཅིག་བརྒྱན་དུ་ཆགས་ཡོད། 2025ལོའི་ཟླ་8པར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཨེ་ཁྭ་ཏོར་གྱི་ཧྲེང་ཨེ་ལོན་ན་གྲོང་ཁྱེར་སྲིད་གཞུང་གི་གཞུང་ལམ་གསར་སྒྱུར་རྣམ་གྲངས་དངོས་སུ་རྩིས་སྤྲད་ནས་སྤྱོད་འགོ་ཚུགས་ཤིང་། མཚོ་འགྲམ་གྱི་གྲོང་ཁྱེར་དེར་གསོན་ཤུགས་གསར་པ་རྒྱས་ཡོད།
ཧྲེང་ཨེ་ལོན་ན་གྲོང་ཁྱེར་ནི་ཨེ་ཁྭ་ཏོར་གྱི་ནུབ་རྒྱུད་མཚོ་འགྲམ་དུ་གནས་ཤིང་། ཡུལ་སྐོར་དང་ཉ་ལས་ཀྱི་ལྟེ་གནས་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་གྲོང་ཁྱེར་ཡོངས་སུ་ཁྱབ་པའི་གཞུང་ལམ་གཙོ་བོ་3གྱིས་གྲོང་ཁྱེར་ཡོངས་ཀྱི་60%ཡན་གྱི་འགྲུལ་ཟོག་འཁོར་རྒྱུག་གི་འགན་འཁུར་གྱི་ཡོད། ལོ་མང་ཉམས་གསོ་མ་བྱས་པའི་རྐྱེན་གྱིས་འགྲོ་ལམ་དེ་དག་ཁོད་མི་སྙོམས་པ་དང་། འགྲིམ་འགྲུལ་འགག་པ་དང་ལས་འཛོལ་ཡང་ཡང་ཐོན་ནས་གྲོང་ཁྱེར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་ཅིག་ཏུ་གྱུར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་སྤུས་ཚད་མཐོ་པོས་འགྲོ་ལམ་3པོ་རིམ་སྤོར་སྒྱུར་བཀོད་བྱས་པའི་ནང་ལམ་གཞི་བརྟན་དུ་གཏོང་བ་དང་། མི་བགྲོད་ལམ་རིམ་སྤོར། གློག་ཤུགས་གློག་སྒྲོན་འཐུས་སྒོ་ཚང་དུ་གཏོང་བ། དེ་བཞིན་སྔོ་འགྱུར་དང་སྤྱི་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་ཀའི་ནང་དོན་ཚུད་ཡོད།
འགྲོ་ལམ་ལེགས་སུ་ཕྱིན་པ་དེས་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་ཞིང་། མ་ལེ་ཁུང་མཚོ་འགྲམ་ལམ་ཉེ་འགྲམ་དུ་གནས་པའི་ཧྲེང་ཕེ་ཏེ་ལུའོ་སྡེ་ཁུལ་གྱི་འགན་འཁུར་བ་ལོ་ཏེ་ལི་ཀེ་སི་ཡིས། “འགྲོ་ལམ་གྱི་ཆུ་འབུད་མ་ལག་རིམ་སྤོར་བྱས་པས་གྲོང་ཁྱེར་གྱི་འཁྱིལ་ཆུའི་གནད་དོན་རྩ་བཅོས་ཐུབ་ཡོད། ལས་གྲྭ་འདིས་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ཕྱི་ཕྱོགས་དང་འབྲེལ་བ་དེ་བས་ཀྱང་དམ་ཟབ་ཏུ་ཕྱིན་སོང”ཞེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། འགྲོ་ལམ་གསར་སྒྱུར་རྣམ་གྲངས་ཀྱིས་ས་གནས་དེ་གར་ཐད་ཀའི་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་བཟའ་བཏུང་ལས་རིགས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ཚོང་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད།
“འགྲོ་ལམ་དེར་འགྲིམ་འགྲུལ་གྱི་བྱེད་ནུས་ལྡན་པ་མ་ཟད། གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་ཞིག་ཀྱང་རེད”ཅེས་ཧྲེང་ཨེ་ལོན་ན་གྲོང་ཁྱེར་གྱི་ཧྲི་ཀྲང་མཱ་ལི་ཡཱ·ཏེར·ཁ་མོན·ཨ་ཅི་ནུའོ་ཡིས་བརྗོད་པ་དང་། ཁོང་གིས། “འགྲོ་ལམ་གསར་སྒྱུར་རྣམ་གྲངས་དེས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པ་དང་དམངས་འཚོར་སྟབས་བདེ་བསྐྲུན་ཡོད། དེ་ནི་ཨེ་ཁྭ་ཏོར་དང་ཀྲུང་གོའི་དབར་མཉམ་ལས་གཉིས་ཕན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།