དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གིས།

    ​སྨན་བཅོས་ཞབས་ཞུ་གྲོང་གསེབ་ཀྱི་གང་སར་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    ཉེ་ཆར། གསར་འགོད་པ་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་དུ་སྐྱོད་སྐབས། སྨན་པ་ཚོས་ཡུལ་མིར་བརྟག་དཔྱད་ཞིབ་ཕྲ་བྱེད་པ་དང་སྨན་གཡོག་ཚོས་སྨན་སྦྱོར་ཁང་དུ་སྨན་བགོ་བཞིན་པའི་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་རྣམ་པ་ཞིག་མིག་ལམ་དུ་འཆར། འཕྲོད་བསྟེན་ཁང་ཧྲིལ་པོ་ལས་ཕྱོད་ཆེ་ལ་དྲོ་སྐྱིད་ལྡན་པའི་རྣམ་པས་ཁེངས་ནས་དཔུང་ཁག་དེས་སྒྲིག་ཆས་རིམ་སྤོར་དང་། ཤེས་ལྡན་པ་གསོ་སྐྱོང་། ཞབས་ཞུ་ལེགས་གཏོང་བཅས་བྱས་པ་ལས་བྱུང་བའི་འཕོ་འགྱུར་ཟབ་མོ་གསོན་ཉམས་དོད་པོས་མངོན་བཞིན་འདུག

    ད་ལོ་ལོ་33ལ་སླེབས་པའི་པད་མ་ཆོས་སྒྲོན་ནི་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་ཞིང་། ཁོང་གིས“ང་གྲོ་མོ་ནས་ཡིན། ལོ་11གི་གོང་གཞི་རིམ་གྱི་སྨན་བཅོས་ལས་གནས་འདིར་ཞུགས་པ་ཡིན། དང་ཐོག་གདོང་དཀར་ཤང་དུ་ཞབས་འདེགས་ཞུས་ནས་ལོ་9སོང་རྗེས་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་དུ་ལས་སྒྱུར་བྱས་བྱུང”གཞི་རིམ་དུ་གཞི་ཚུགས་པའི་ཐོག་མའི་བསམ་འདུན་གླེང་སྐབས་པད་མ་ཆོས་སྒྲོན་གྱིས“ནད་གཡོག་ཆེད་ལས་སློབ་སྦྱོང་བྱས་རྗེས་གཟུགས་གཞི་བདེ་ཐང་ནི་མི་སེར་གྱི་བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན་པ་དང་གཞི་རིམ་ནི་སྨན་བཅོས་ཞབས་ཞུའི‘མཐའ་མའི་འགག་གནད’ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། འདི་གར་ཡུལ་མི་ཚོའི་བདེ་ཐང་ཆེད་ཞབས་འདེགས་ཞུ་ཐུབ་པ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད”ཅེས་བཤད།

    འཕྲོད་བསྟེན་ཁང་གི་འགན་ཁུར་བ་ཡིན་པའི་པད་མ་ཆོས་སྒྲོན་གྱིས་སྨན་ཁང་གི་ལས་དོན་ཧྲིལ་པོའི་འགན་ཁུར་དགོས་པ་མ་ཟད། ད་དུང་གྲོང་ཚོ་ཁག་གི་འཕྲོད་བསྟེན་ཁང་གི་ལས་དོན་ཁག་སྤྱི་འདོམས་འཆར་འགོད་ཀྱང་བྱེད་དགོས་པས། ཕྲག་ཐོག་གི་འགན་འཁྲི་དེ་སྔ་ལས་ལྕི་བ་ཡོད།

    སྔོན་ཆད་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་ལ་སྨན་བཅོས་སྒྲིག་ཆས་རྙིང་པ་ཆགས་པ་དང་། སྨན་བཅོས་ཤེས་ལྡན་པ་དཀོན་པ། ནད་བརྟག་སྨན་བཅོས་བྱེད་ས་མི་འདང་བ་སོགས་ཀྱི་དཀའ་གནད་མང་པོ་འཕྲད་ཡོད་ལ། ཡུལ་མིའི་ཁྲོད་དུའང“ནད་ཆུང་བཟོད་སྒོམ་བྱེད་པ་དང་ནད་ཆེན་ཡུལ་གཞན་དུ་བཅོས་པའི”རྣམ་པ་ཧ་ཅང་མངོན་གསལ་དོད་པོ་ཡོད། “སྔོན་ཆད་ཡུལ་མི་ཚོ་རྒྱུན་སྤྱོད་སྨན་རྫས་ཉོ་བར་གྲོང་ཁུལ་དུ་འགྲོ་དགོས་ཀྱི་ཡོད། སྒྲིག་ཆས་རྙིང་པ་བརྗེ་སྐབས་ཡུལ་མི་ཚོས་བང་བསྒྲིགས་ནས་སྨན་བཅོས་བྱེད་པར་སྒུག་སྡོད་པའི་རྣམ་པ་ནི་ལྟ་བས་མི་བཟོད་པ་ཞིག་འདུག”ཅེས་པད་མ་ཆོས་སྒྲོན་གྱིས་བཤད།

    ཁོངས་གཏོགས་ཁུལ་གྱི་ཡུལ་མིའི་སྨན་བཅོས་ཐད་ཀྱི་རེ་བ་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གིས་གནད་སྨིན་ཇུས་བསྟར་གྱིས་སྒྲིག་ཆས་རིམ་སྤོར་དང་། ཤེས་ལྡན་པ་བཀོད་སྒྲིག ཞབས་ཞུའི་བརྒྱུད་རིམ་ལེགས་སྒྱུར་བཅས་གཞི་རིམ་གྱི་སྨན་བཅོས་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི“གཙོ་གནད་གསུམ”ལ་བརྩིས་ཏེ། འཕེལ་རྒྱས་ཀྱི་འཇུར་མིག་རེ་རེ་བཞིན་བསལ་ཡོད།

    “གཞི་རིམ་གྱི་སྨན་བཅོས་འཕེལ་རྒྱས་གཏོང་བར་སྒྲིག་ཆས་ནི་རྨང་གཞི་དང་། ཤེས་ལྡན་པ་ནི་སྲོག་ཤིང་། ཞབས་ཞུ་ནི་འགག་རྩ་བཅས་ཡིན། ང་ཚོས་ཆེས་དཀོན་པའི་ཕྱོགས་གསུམ་པོ་དེ་དག་ལ་དམིགས་ཏེ་ཤུགས་སྣོན་བརྒྱབ་ནས་ཡུལ་མིས་སྒོ་འགྲམ་དུ་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད”ཅེས་པད་མ་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས།

    སྒྲིག་ཆས་རིམ་སྤོར་ཐད། ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གིས་ན་ནིང་སྨན་བཅོས་སྒྲིག་ཆས་ཆེ་གྲས་4ཉོས་པ་དང་། དེ་དག་ད་ལོ་བེད་སྤྱོད་གཏོང་རྩིས་ཡོད་པ་རེད། སྒྲིག་ཆས་དེ་དག་གིས་ཡུལ་མིའི་གཟུགས་པོར་ཕྱོགས་ཡོངས་དང་གནད་སྨིན་གྱིས་བརྟག་དཔྱད་བྱེད་ཐུབ་རྒྱུ་རེད།

    ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད། ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གིས“སྐོར་སྐྱོད་སྨན་བཅོས་དང་། གསོ་སྦྱོང་། དཔྱད་ཞིབ་བཅས་ཟུང་དུ་འབྲེལ་བའི”རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཡོད། དུས་ཚིགས་རེ་རེར་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཏེ་གྲོང་ཚོ་ཚང་མར་ཁྱབ་པར་བྱས་ནས་ཡུལ་མི་ཚོར་རྒྱུན་མཐོང་ནད་བརྟག་སྨན་བཅོས་དང་བདེ་ཐང་བློ་འདྲི་བྱས་པ་རེད། ལོ་ཧྲིལ་པོར་གྲོང་ཚོའི་སྨན་པའི་ལས་སྒོའི་གསོ་སྦྱོང་ཐེངས་10བྱས་ཏེ་རྒྱུན་དུ་ཐོན་མང་བའི་ནད་གཞི་སྨན་བཅོས་དང་སྨུག་ཕྱིའི་འོད་ཐིག་དུག་སེལ་ཚད་ལྡན་སོགས་ཀྱི་སྤྱོད་གོ་ཆོད་པའི་རྩལ་ནུས་ལ་དམིགས་པ་དང་། ཟླ་རེར་གྲོང་ཚོའི་སྨན་པ་དང་ཤང་གི་སྨན་པའི་ཆེད་ལས་ཡིག་རྒྱུགས་བཏང་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་ཡོད། “བྱམས་གླིང་གྲོང་ཚོའི་སྨན་པས་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་རྗེས་དཔྱད་གཞིའི་ཡིག་ཆ་ལེགས་སྒྲིག་དང་། སྨན་སྐོར་གྱི་ཟིན་ཐོ། རྩིས་ཐོ་དོ་དམ་བཅས་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ནས་ཞབས་ཞུ་དེ་བས་ཚད་ལྡན་དང་ནུས་ཆེར་སོང་ཡོད”ཅེས་པད་མ་ཆོས་སྒྲོན་གྱིས་གསར་འགོད་པར་བཤད།

    ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བའི་ཐད། ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་གིས“གཅིག་འཐུས་རྣམ་པའི་སྨན་བཅོས་བྱེད་པ”དང“གཅོང་ནད་ལ་རྟག་ཏུ་སྐབས་བསྟུན་བཅར་འདྲི་བྱེད་པ”སོགས་ཀྱི་དམངས་ཕན་བྱ་ཐབས་བཏོན་ཏེ་ཡུལ་མི་རྣམས་སྨན་བཅོས་བྱེད་སྐབས་སྟབས་བདེ་ཡོང་བར་བྱས་ཡོད། བསམ་གྲུབ་རྩེ་ཆུས་ཀྱི་ས་ཁོངས་ཆ་འཕྲིན་ཅན་གྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་དོན་འཁྱོལ་བྱས་ཏེ་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་སྨན་བཅོས་མ་ལག་གི་ངོས་ལེབ་གློག་ཀླད་སྒྲིག་སྦྱོར་བྱས་ཀྱང་། གྲོང་ཚོའི་སྨན་པ་ཁག་གཅིག་གིས་ཡག་པོ་སྤྱོད་ཤེས་ཀྱི་མེད། “ང་ཚོས་ལས་ཀའི་ཚོགས་པ་བཙུགས་ཏེ་བརྙན་ལམ་སློབ་ཁྲིད་དང་ས་གནས་ས་ཐོག་ནས་མཛུབ་ཁྲིད་ཡང་སེ་བྱས་པ་དང་སྦྱོང་བརྡར་ལ་སྐུལ་འདེད་བཏང་བས། ད་ཆ་གྲོང་ཚོའི་སྨན་པ་4ཡིས་ངོས་ལེབ་གློག་ཀླད་བྱང་ཆུབ་པོས་སྤྱོད་ཤེས་པ་དང་སྨན་རྫས་ཀྱི་གནས་ཚུལ་འཕྲལ་དུ་ཁོང་དུ་ཆུད་ནས་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་སོང”ཞེས་པད་མ་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས། ད་ཆ་སྨན་རྫས་ཀྱི་སྣ་ཁ་དེ་སྔོན་ལས་མང་དུ་ཕྱིན་པ་དང་སྨན་རིན་རྩིས་ཞུ་བྱེད་སྐབས་ཀྱང་དེ་སྔོན་ལས་སྟབས་བདེ་བ་འདུག་ཅེས་ཡུལ་མི་ཚང་མས་ཚུར་ལན་བྱེད་ཀྱི་ཡོད་པ་རེད།

    ད་ཆ་ཉི་རི་གཞུང་ཤང་འཕྲོད་བསྟེན་ཁང་ལ་གཅོང་ནད་དོ་དམ་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམས་འགོག་སྨན་ཁབ་རྒྱག་ཚད་98%ཟིན་པ། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་ཚད་40%མཐོ་རུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད། “འགྱུར་ལྡོག་དེ་དག་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་འདུག དེ་ནི་ང་ཚོའི་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་། སློབ་སྦྱོང་ཧུར་ཐག ཞབས་འདེགས་ཡག་པོ་ཞུས་ནས་བྱུང་བའི་གྲུབ་འབྲས་བཟང་པོ་ཞིག་རེད”ཅེས་པད་མ་ཆོས་སྒྲོན་གྱིས་མྱོང་ཚོར་ཟབ་མོས་བཤད། ཁོང་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་གྲོང་སྟོད་གྲོང་ཚོའི་ལོ་86ལ་སླེབས་པའི་ཡུལ་མི་གཡུ་སྒྲོན་ཡིན་ཞིང་། ཁོང་གིས“ད་ཆ་བགྲེས་སོང་ཁོང་གིས་རྟག་པར་འཕྲོད་བསྟེན་ཁང་དུ་ཁྲག་ཤེད་ལྟ་བར་ཡོང་གི་ཡོད་པ་དང་འདིར་ཡོང་རིམ་བཞིན‘ད་ཆ་ཐག་རིང་དུ་འགྲོ་མི་དགོས་པར་ནད་གཞི་ལྟ་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག’ཅེས་བརྗོད་ཀྱི་འདུག ཡུལ་མི་ཚོའི་ཁས་ལེན་ཐོབ་པས་དཀའ་ལས་ག་ཚོད་ཁག་ཀྱང་ཚང་མ་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།