ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་བོད་སྨན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ།
བོད་སྨན་སྣ་ཁ་64ཐོ་འགོད་བྱས་པ་དང་ཚང་མ་སྨན་བཅོས་འགན་བཅོལ་ནང་བཅུག་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨན་རྩིས་ཁང་གི་སྨན་རྫས་ལས་སྣོན་ཁང་ལ་འཕེལ་རྒྱས་གསར་པ་བྱུང་བ་སྟེ། ཁག་དང་པོར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བོད་སྨན་སྣ་ཁ་བཞི་པོ་སྔོན་དཔག་ལྟར་ན་ལོ་རེར་ཐོན་སྐྱེད་བྱེད་ཚད་ཐུམ་སྒྲིལ་ཁྲི་4ལྷག་ཙམ་ཟིན་པ་དང་ལོ་རེའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་རྒྱུ་ཡིན་ཞིང་། དེ་ཐོག་ནས་རྫོང་དེའི་བོད་སྨན་ཐོན་ལས་ལ་གཞི་ཁྱོན་ཅན་གྱི་ཐོན་ནུས་རགས་ཙམ་ཆགས་ནས་འཕེལ་རྒྱས་མགྱོགས་ལམ་ཐོག་སྐྱོད་པ་མཚོན་གྱི་ཡོད།
2025ལོའི་ཟླ་བརྒྱད་པར་ཤན་རྩ་རྫོང་གི་སྨན་རྩིས་ཁང་གི་སྨན་རྫས་ལས་སྣོན་ཁང་དངོས་སུ་སྒོ་བྱང་བཀལ་བ་དང་ཆབས་ཅིག《སྨན་བཅོས་སྒྲིག་གཞིའི་སྨན་རྫས་ལས་སྣོན་གྱི་ཆོག་འཐུས་ལག་ཁྱེར》ཡང་རག་ནས་རྫོང་གི་བོད་སྨན་ཐོན་སྐྱེད་ཐད་སྲོལ་རྒྱུན་གྱི་བཟོ་ཁང་ནས་ཚན་རིག་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ནག་ཆུའི“ནུབ་རྒྱུད་ས་ཁོངས་ཀྱི་བོད་སྨན་ཐོན་ལས་ཀྱི་སྒྲོག་ཐག”ཡིན་པའི་ཤན་རྩ་རྫོང་གིས“བོད་སྨན་གྱི་ཁྱད་ལྡན་ཐོན་སྐྱེད་རྟེན་གཞི”གང་མགྱོགས་བསྐྲུན་ཏེ། མཐའ་འཁོར་གྱི་རྫོང་4ལ་ཁྱབ་པའི་བོད་སྨན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ནས་ས་མཐོའི་མི་རིགས་ཀྱི་སྨན་རྫས་དེང་རབས་ཅན་ལ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་སྨན་རྫས་ལས་སྣོན་ཁང་བསྐྲུན་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ནང་བཅུག་ནས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་1100ལྷག་ཙམ་བཏང་སྟེ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། ས་བཟུང་སྨི་ངོས་གྲུ་1450ལྷག་ཙམ་ཟིན་པ་དང་འདེམས་སྒྲུག་དང་། སྐམ་བཟོ། ཞིབ་བཤེར་སོགས་ཀྱི་བྱེད་ལས་ཚང་བའི་ས་ཁོངས་དང་དེ་བཞིན་ཕན་ཆེའི་རྩེར་སོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་དེང་རབས་ཅན་གྱི་སྨན་རྫས་ལས་སྣོན་ཁང་བསྐྲུན་ཏེ་ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་བཞི་ཡི་བོད་སྨན་སྦྱོར་རྟ་དང་མངགས་བཅོལ་ཐོན་སྐྱེད་བྱེད་འགན་འཁུར་བར་རྨང་གཞི་བཏིང་ཡོད། མིག་སྔར་ཤན་རྩ་རྫོང་གི་བོད་སྨན་སྣ་ཁ་64ཐོ་འགོད་བྱས་པ་དང་ཆབས་ཅིག་ཚང་མ་སྨན་བཅོས་འགན་བཅོལ་ཁོངས་སུ་བཅུག་པའི་ནང་ས་གནས་དེ་གའི་ཁྱད་ལྡན་བོད་སྨན་སྣ་ཁ་5དང་དེ་བཞིན་རྒྱུན་སྤྱོད་བོད་སྨན་སྣ་ཁ་59ཚུད་ཡོད་པ་དང་། 2024ལོར་ཤན་རྩ་རྫོང་གིས་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་བརྒྱུད་བོད་སྨན་མངགས་བཅོལ་ཐོན་སྐྱེད་བྱས་པར་དངུལ་འབོར་སྒོར་ཁྲི་158ཟིན་པ་དང་། ཤང་དང་གྲོང་རྡལ་ལ་སྒོར་ཁྲི་36.97རི་བའི་བོད་སྨན་གསབ་སྙོམས་བྱས་པ་དེས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་95%ཙམ་ལ་ཕན་པ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།