དྭངས་གཙང་ཆུ་མོ་ཤང་ཤང་རྒྱུག རྨད་བྱུང་སྐྱེ་ཁམས་བཟང་ཞིང་མཛེས།
—— རང་ལྗོངས་ཀྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དམ་འཛིན་བྱེད་གཞིར་བྱས་ནས་ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་གྲས་སུ་བརྩིས་ཏེ། ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཆུའི་གནོད་འཚེ་འགོག་བཅོས་བཅས་ལ་སྤྱི་འདོམས་འཆར་འགོད་བྱས་ཐོག་ཆུ་བོ་དང་མཚོ་ཡི་མ་ལག་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཆུ་བོ་དང་མཚོ་ཡི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད།
ལྷ་སར། གྲོང་ཁུལ་དུ་བསྐྲུན་པའི་ཚོད་འཛིན་རྐ་སྒོ་དེས་ཆུ་ཁོངས་སྤྱི་ཆིང་300ལྷག་ཙམ་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཅུག་ནས་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་བསྐྲུན་པ་དང་། ཆུ་འགྲམ་སྤྱི་གླིང་དང་། ལྷོ་རིའི་སྤྱི་གླིང་། ཀྲུང་ཧྭའི་རིག་གནས་སྤྱི་གླིང་བཅས་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་ནས་ལྗང་མདོག་མུའུ་3052སྣུར་སྲིང་བྱས་པ། གྲོང་ཁུལ་གྱི་མཁའ་རླུང་ཁྲོད་ཀྱི་བརླན་ཚད་8%ནས་10%བར་མཐོ་རུ་ཕྱིན་ཡོད།
ད་ལྟའི་ལྷ་སའི་སྐྱིད་ཆུ་དྭངས་ཤིང་གཙང་བ་དང་རྐང་ཐང་ལམ་དང་ཆུ་ངོགས་མཛེས་ལྗོངས་མུ་འཁྱུད་དུ་བསྐྲུན་ནས་གྲོང་མི་སྤྲོ་གསེང་དང་ཡུལ་སྐོར་བ་ལྟ་སྐོར་དུ་འགྲོ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ལྷ་སའི་གྲོང་མི་ཚེ་དབང་སྒྲོལ་མས “ད་ཆ་གཟའ་མཇུག་ཏུ་ངས་རྟག་ཏུ་ཕྲུ་གུ་ཁྲིད་ནས་ཆུ་འགྲམ་དུ་བྱ་འཕུར་གློད་པར་འགྲོ་གི་ཡོད། ཕྲུ་གུས་མཁའ་རླུང་གཙང་བའི་ན་ཁའི་སྟེང་རྒྱུག་པ་མཐོང་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
ཉིང་ཁྲི་གྲོང་ཁྱེར་གྱི་ཉང་ཆུ་གཙང་པོར་ཡང་དེ་དང་འདྲ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། “སྔོན་ཆད་ཆུ་འགྲམ་གྱི་སྤྲོ་གསེང་གྲོང་དུ་བཙོག་ཆུ་གང་བྱུང་དུ་གློད་པས། གང་སར་ཆུ་སྙིགས་ཀྱིས་ཁེངས་ཤིང་། མཛེས་ལྗོངས་དེ་གཏོར་བརླག་ཐེབས་པ་མཐོང་སྐབས་མི་རྣམས་བློ་ཕམ་ཆེན་པོ་ཡོང་གི་ཡོད”ཅེས་ས་གནས་དེ་གའི་ཡུལ་སྐོར་སྣེ་ཤན་པ་པད་མ་དབང་འདུས་ཀྱིས་བློ་ཕམ་ཆེན་པོས་སྔོན་ཆད་ཀྱི་ཡུལ་ལྗོངས་ལ་ཕྱིར་དྲན་བྱས།
ཉང་ཆུ་གཙང་པོ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉིང་ཁྲིའི་ཆུ་བེད་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་དཔུང་ཁག་བཙུགས་ནས་དུད་ཚང་རེ་རེ་བཞིན་སྒྲིག་འགལ་གྱི་བཙོག་འབུད་བྱེད་སར་ཞིབ་བཤེར་བྱས་པ་རེད། “ཚད་གཞི་མ་ལོན་ཚེ་ངེས་པར་དུ་ལས་མཚམས་བཞག་ནས་དག་ཐེར་བྱེད་དགོས་པ་ལས་གྲོས་མོལ་བྱས་ནས་ཐར་པར་གཏོང་ཐབས་གཏན་ནས་མེད”ཅེས་ཁྲིམས་སྒྱུར་མི་སྣ་དཀོན་མཆོག་གིས་དོ་ནན་པོས་བཤད་ཡོད། བྱ་སྤྱོད་དེ་ནི་རང་ལྗོངས་ཀྱི་ཆུ་བོའི་བཙོག་འབུད་བྱེད་ས་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བསྡུས་རིས་ཡིན་པ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་བཙོག་འབུད་སྒྲིག་བཀོད་ཀྱི་ཞིབ་མཆན་ནན་པོ་བཀོད་པ་དང་ཕུགས་འདེད་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། སོར་འཇོག་བྱས་པའི་བཙོག་འབུད་བྱེད་ས་128ཚད་ལྡན་ཅན་དུ་བསྐྲུན་ནས་ཆུ་རྒྱུན་གྱི་ནུས་པ་མི་ཉམས་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཆུ་འགྲམ་གྱི་ཡུལ་མི་ཚོས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་བཙུགས་པ་དང་། གཡང་འཛོམས་གཟའ་འཁོར་རེའི་གད་སྙིགས་གཙང་སེལ་བྱེད་པའི་ནང་མ་སྐུལ་དང་བླངས་ཀྱིས་ཞུགས་ཀྱི་ཡོད། ཁོང་གིས“ཆུ་བོ་འདི་ནི་ང་ཚོ་ཐུན་མོང་གི་རྒྱུ་ནོར་ཡིན་པས་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་བཤད།
ད་ཆའི་ཉང་ཆུ་ནི་དེ་གོང་བཞིན་སྔོ་ཞིང་དྭངས་པ་དང་ཆུ་ངོས་སུ་གངས་རིའི་གཟུགས་བརྙན་གསལ་ཞིང་མཛེས་པས་ལེགས་གྲུབ་ལྡན་པའི་ངང་རྒྱལ་ཡོངས་ཀྱི་མཛེས་པའི་ཆུ་བོ་དང་མཚོ་ཡི་ཕུལ་བྱུང་དཔེ་མཚོན་ནང་ཚུད་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡུལ་སྐོར་བ་གྲུ་ལ་བསྡད་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ། མཛེས་པའི་ཡུལ་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་གི་ཡོད། པད་མ་དབང་འདུས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ལས་སྒོ་ཡང་སྔར་བས་དར་རྒྱས་སུ་ཕྱིན་ཞིང་། ཁོང་གིས “སྐྱེ་ཁམས་ཇེ་ཡག་ཏུ་ཕྱིན་པ་ལས་ཡུལ་སྐོར་བ་མང་དུ་ཕྱིན་སོང་ལ་ངའི་ཟླ་རེའི་ཡོང་འབབ་ཀྱང་སྔོན་ཆད་ལས་ལྡབ་གཅིག་ལྷག་ཙམ་འཕར་བྱུང་། འཚོ་བ་ཇེ་ཡག་ཏུ་འགྲོ་རེ་ཡོད”ཅེས་བཤད།
ལྷ་སའི་སྐྱིད་ཆུ་ནས་ཉང་ཆུའི་བར་རང་ལྗོངས་ཀྱི་ཆུའི་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ཕྱོགས་ཡོངས་ཀྱི་སྲ་ཞིང་བརྟན་པའི་བྱེད་ཐབས་དང་ཁ་འབྲལ་ཐབས་མེད། ཀྲུང་དབྱང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཚུན་རང་ལྗོངས་ཀྱིས་ལོ་ཕྱེད་སྔ་སྣུར་དུ་ཕྱོགས་ཡོངས་ནས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་རྩ་འཛུགས་མ་ལག་བཙུགས་པ་དང་། ཆུ་དཔོན་དང་མཚོ་དཔོན་ཁྲི་1.47དང་ཆུའི་སྐྱེ་ཁམས་ལས་གནས་ཀྱི་མི་སྣ་ཁྲི་5.67ཡིས་རང་འགན་ཧུར་ཐག་བསྒྲུབས་ཤིང་། ཆུ་བོ་སྐོར་ཞིབ་ཀྱིས་རང་འགན་སྒྲུབ་པ་དང་དཔྱད་ཞིབ་སྐུལ་ལྕག་སོགས་ལམ་ལུགས་ཁག་20ལྷག་ཙམ་བཟོས་པ་རེད། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆུ་དཔོན་གཉིས་ཀྱིས་ལོ་ལྟར་ཆེད་དོན་ཚོགས་འདུ་འཚོགས་ནས་ལས་འགན་བཀོད་སྒྲིག་བྱེད་པ་དང་། སྤྱི་ཁྱབ་ཆུ་དཔོན་གྱི་བཀའ་ལ་བརྟེན་ནས་ལས་ཀའི་གཙོ་གནད་བཀྲམ་པ་དང་འགན་འཁྲིའི་མ་ལག་དང་ཆུ་དཔོན་དང་མཚོ་དཔོན་གྱི་འགུལ་རྣམ་རིམ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་གསུམ་དང་ས་མཚམས་ལས་བརྒལ་བའི་ཆུ་བོ་མཉམ་འགོག་མཉམ་སྡོམ་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་ནས་དོ་དམ་སྲུང་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཡོད། དེ་དང་ཆབས་ཅིག《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》སོགས་ཁྲིམས་སྲོལ་བཏོན་པ་མ་ཟད། གཙོ་གནད་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སོགས་ཡིག་ཆ་བཟོས་ནས་འཐུས་སྒོ་ཚང་བའི་ལམ་ལུགས་འགན་སྲུང་མ་ལག་བཟོས་ཡོད།
ད་ཆའི་བོད་ལྗོངས་སུ། ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་ཞིང་། རྫ་ཆུ་དང་འབྲི་ཆུ་སོགས་ཆུ་གཞུང་གི་ཆུ་སྤུས་ཚད་གཞི་རིགས་Ⅱཔར་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་མྱང་ཆུ་སོགས་རྒྱུག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་བོའི་ཆུ་སྤུས་ཚད་གཞི་རིགས་Ⅱལ་སླེབས་པའམ་དེ་ལས་བཟང་བ། མཚོ་མོ་ངང་ལྷ་རིང་མོ་དང་གནམ་མཚོ་སོགས་མཚོ་གཙོ་བོའི་ཆུ་སྤུས་ཚད་གཞི་རིགས་Ⅱལ་སླེབས་པ་བཅས་རེད། ལྗོངས་ཡོངས་ཀྱི་ལྷད་མེད་རིགས་Ⅴཡི་ཆུ་བོ་དང་བཙོག་ཆུ་དྲི་ཅན་དང་དེ་བཞིན་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་ལོན་ཚད་100%ཟིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། གཙང་པོ་ཤང་ཤང་རྒྱུག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ཆུ་ངོགས་སྔོ་ཐིང་ཐིང་། ཡུལ་ལྗོངས་ལྟ་ན་སྡུག་པ། མི་རྣམས་འཆམ་མཐུན་བཅས་ཀྱི་སྐྱེ་ཁམས་མཛེས་རིས་ཤིག་རིམ་བཞིན་གངས་ལྗོངས་ས་མཐོར་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།