དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    2025ལོའི་ཟླ་8ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ནི་དོན་ཆེན་བཞི་པོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་བསྐྱོད་པ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“དངོས་པོར་མ་འཇོག་དང་མིར་མ་འཇོག་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་པ”ཁ་གསལ་བཏོན་ནས་མི་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དེས་ང་ཚོས་མི་འབོར་འཕེལ་རྒྱས་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པའི་འདེགས་སྐྱོར་བྱེད་པ་བཅས་ལ་ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱས་ནས་དེ་གསུམ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཟིལ་རླབས་དགུང་འཕྱུར་གྱི་ལག་ལེན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་གཡོ་འགུལ་གཏོང་ཐབས་བྲལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཐུན་མོང་ཐོག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།

    མི་འབོར་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་མེད་རྨང་གཞི་བརྟན་དུ་གཏོང་དགོས། བོད་ཀྱིས་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ནས་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་འབོར་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ལེགས་ཆ་ལྡན་པའི་ས་ཁོངས་དང་འགྲིམ་འགྲུལ་མ་ལམ་གལ་ཆེན་དང་དེ་བཞིན་མཚམས་ཚིགས་སུ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱེད་དགོས། དེས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་གཞི་ཁྱོན་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་དེ་བས་ཀྱང་སྐུལ་འདེད་བཏང་ཐུབ་ནས་ཁྱད་ལྡན་ལེགས་ཆེའི་ཐོན་ལས་སྐྱེད་སྲིང་བྱེད་པར་ཁྲོམ་རའི་བར་མཐོངས་དང་ངལ་རྩོལ་ནུས་ཤུགས་ཀྱི་ཆ་རྐྱེན་བསྐྲུན་ཐུབ། མི་འབོར་གྱི་བྱང་ཚད་ལེགས་སུ་གཏོང་བར་དེ་བས་སྣང་ཆེན་བྱེད་པ་དང་སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོར་མ་དངུལ་གཏོང་ཤུགས་རྒྱུན་མཐུད་མང་དུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་འབོར་དང་ཐོན་ཁུངས་དེ་མི་ཤུགས་དང་མ་རྩའི་ལེགས་ཆར་འགྱུར་བར་བྱས་ནས་ཡུན་རིང་འཕེལ་རྒྱས་ཆེད་སྟོབས་ཤུགས་ཆེན་པོ་གསོག་འཇོག་ཡག་པོ་བྱེད་དགོས།

    མི་སེམས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། བོད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ནི་མི་སེམས་གཅིག་ཏུ་སྒྲིལ་བའི་རྩ་བ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་པར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་བར་བྱེད་དགོས། དེ་དང་ཆབས་ཅིག ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་དྲང་གཞག་གི་ཕན་པ་སྔར་ལས་མང་བ་ཐོབ་པར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གངས་ལྗོངས་ས་མཐོར་གསོན་ཉམས་དོད་ཤོས་ཀྱི་སྒོ་ནས་མངོན་པར་བྱེད་དགོས།

    ཤེས་ལྡན་པའི་འདེགས་སྐྱོར་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སྐྱེད་སྲིང་བྱེད་དགོས། བོད་ཀྱིས་དེ་བས་དགེ་མཚན་ལྡན་པ་དང་། དེ་བས་སྒོ་དབྱེ། དེ་བས་ནུས་ལྡན་བཅས་ཀྱི་ཤེས་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་དགོས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་དམིགས་བཙུགས་བསྡུ་ལེན་བྱེད་དགོས་ལ། ཕུགས་ལ་དེ་བས་ཀྱང་དམིགས་ནས་ཡུལ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ས་མཐོར་གཞི་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་མཁན་གྱི་གོ་ཆོད་དང་གསར་གཏོད་རྣམ་པའི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས། ཤེས་ལྡན་པར་བརྩི་འཇོག་དང་། ཤེས་ལྡན་པར་གཅེས་སྐྱོང་། མི་ནུས་གང་ཡོད་འདོན་པ་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་། སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་བསལ་ནས་རིགས་ཁག་གི་ཤེས་ལྡན་པར་བོད་དུ་ལས་གཏོད་བྱེད་པའི་གོ་སྐབས་ཡོད་པ་དང་། ལས་སྒྲུབ་བྱེད་པའི་ལས་སྟེཌ་ཡོད་པ། འཕེལ་རྒྱས་གཏོང་བའི་བར་མཐོངས་ཡོད་པ་བཅས་བྱས་ནས་ཤེས་ལྡན་པའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས།

    མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་གསུམ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་གཏོང་བ་དང་། “མི་རྩ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློའི་ནང་གཅིག་གྱུར་དུ་གནས་པ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་འབོར་གྱི་རྨང་གཞི་དང་། མི་སེམས་ཀྱི་རྨང་གཞི། ཤེས་ལྡན་པའི་རྨང་གཞི་བཅས་རྒྱུན་མཐུད་བརྟན་དུ་གཏོང་དགོས། དེ་ལྟར་བྱས་ཚེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་གྲུ་གཟིངས་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།