གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས།
ནུས་རྒྱུ་གཙང་མས་ས་མཐོའི་གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པ།
བསམ་གྲུབ་རྩེ་ཆུས་ཀྱི་ཧྲང་ཧའེ་ཁྱིམ་གཞིས་ཁུལ་ཆུང་དུ་ཡོད་པའི་ལོ་80ལ་སླེབས་པའི་རྨོ་བོ་ཀུན་བཟང་གི་ཁྱིམ་ནི་དྲོ་སོབ་སོབ་ཡོད་པ་རེད།
རྨོ་བོ་ཀུན་བཟང་གི་ཁྱིམ་ལ་བསྒར་མ་ཐག་པའི་དྲོད་རླངས་ལྕགས་ལེབ་ནས་ཚ་དྲོད་སྙོམས་པོར་འདོན་བཞིན་ཡོད་ཅིང་། ཚོམས་ཆེན་དང་ཉལ་ཁང་གི་གང་སར་དྲོ་སོབ་སོབ་ཡོད་པས་དྲོད་ཚད་འཇལ་ཆས་ཀྱི་ངོས་སུ་19℃ཡས་མས་བརྟན་པོར་མངོན་ཞིང་། དྲོ་སྐྱིད་དེ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁུལ་ནུས་རྒྱུ་གཙང་མ་གཅིག་སྡུད་དྲོད་འདོན་ཚོད་ལྟའི་རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱས་པ་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་དྲོད་འདོན་ཚོད་ལྟ་བྱ་ཡུལ་ཁག་དང་པོ་བདུན་གྱི་གྲས་ཡིན་པའི་རྣམ་གྲངས་དེས“ཉི་འོད་ནུས་པའི་འོད་དྲོད་དང་། ཚ་གསོག་ཆུ་རྫིང་། གློག་གི་རམ་འདེགས”བཅས་ཟུང་དུ་འབྲེལ་བའི་ནུས་མང་གསབ་རེས་མ་ལག་བསྐྲུན་པར་བརྟེན། ས་གནས་དེ་གར་དུས་ཡུན་རིང་པོའི་ནང་ལྕི་བ་དང་སོལ་བར་བརྟེན་ནས་དྲོད་ལེན་པའི་སྲོལ་རྒྱུན་ལ་འགྱུར་ལྡོག་རྦད་དེ་བཏང་ནས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་རྒྱུ་བྱུང་ཡོད།
“དུད་ཁྱིམ་སོ་སོའི་དྲོད་འདོན་མ་ལག་ཁག་སོ་སོ་ཡིན་ལ་ཁང་པའི་ནང་གི་དྲོད་ཚད་གཞིར་བཟུང་ཆུ་རྒྱུན་དང་གནོན་ཤུགས་རང་འགུལ་ངང་སྙོམས་སྒྲིག་བྱེད་ཐུབ”ཅེས་བོད་ལྗོངས་ཉི་ཤར་ཤར་ཕྱོགས་ཨ་ཁང་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སིའི་གཞིས་རྩེ་རྣམ་གྲངས་ཡུལ་དངོས་ཀྱི་བཟོ་བཀོད་པ་ཝང་ཅན་ཁྲའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། རིག་ནུས་ཚོད་འཛིན་མ་ལག་བརྒྱུད་ཁང་པའི་དྲོད་ཚད་ཅུང་དམའ་བའི་སྐབས་སུ་མ་ལག་གིས་རང་འགུལ་ངང་ཆུའི་རྒྱུག་ཚད་ཇེ་ཆེར་བཏང་ནས་དྲོད་ཚད་མཐོ་རུ་བཏང་སྟེ་ཁང་པའི་ནང་དུ་དྲོད་ཚད་བརྟན་པོ་ཡོང་བར་བྱེད་ཀྱི་ཡོད། དུས་མཚུངས་སུ་དྲོད་འདོན་ཞབས་ཞུ་སྔར་བས་གང་ལེགས་ཐུབ་ཆེད། རྣམ་གྲངས་ཕྱོགས་ཀྱིས་དུད་ཁྱིམ་རེའི་གྲོང་མིར“རིག་ལྡན་ཚ་འདོན”གྱི་མཐའ་སྣེ་བསྒར་ཡོད། གྲོང་མིས་ཁང་པའི་ཕྱི་ནང་གི་དྲོད་ཚད་དུས་ཐོག་ཏུ་ལྟ་ཐུབ་པ་མ་ཟད། ད་དུང་རང་ངོས་ཀྱི་དགོས་མཁོར་གཞིགས་ནས་ལས་དོན་པར་འབྲེལ་བ་བྱས་ཏེ་རྒྱང་རིང་ཚོད་འཛིན་སྙོམས་སྒྲིག་བྱས་ནས་སྒེར་ཁྱད་ཅན་གྱི་དྲོད་ལེན་བྱེད་ཐུབ་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་11བཏང་བ་དང་དྲོད་འདོན་དུས་ཡུན་ནི་ལོ་རེའི་ཟླ་10ཚེས་22ཉིན་ནས་ཕྱི་ལོའི་ཟླ་3ཚེས་2ཉིན་བར་ཡིན་པ་དང་ཆུ་ཚོད་24ཡི་རིང་རྒྱུན་ཆད་མེད་པར་ཚ་དྲོད་འཁོར་སྐྱོད་བྱེད་ཀྱི་ཡོད། མིག་སྔར། རྣམ་གྲངས་དེར་དྲོད་འདོན་བྱ་ཡུལ་སྨི་ངོས་གྲུ་ཁྲི་69ཟིན་ནས་བསམ་གྲུབ་རྩེ་ཆུས་ཀྱི་སྡེ་ཁུལ་མང་པོ་དང་ལས་ཤག་སྟོང་ཕྲག་མང་པོའི་གྲོང་མི་དང་། དེ་བཞིན་བྱ་གཞག་ཚན་པ་དང་སྨན་ཁང་སོགས་ཁག་གཅིག་ལ་ཕན་པ་ཐོབ་ཡོད། གཙང་མ་དང་། བརྟན་པོ། རིག་ལྡན་བཅས་ཀྱི་དམངས་འཚོའི་དྲོ་སྐྱིད་དུད་ཁྱིམ་ཁྲི་སྟོང་མང་པོར་ཧུར་ཐག་བསྐྱལ་ནས་ས་མཐོའི་གྲང་ངར་ཆེ་བའི་དགུན་ཁ་དྲོ་སོབ་སོབ་ཡོང་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།