དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2020ལོ་ཚུན་དུ་རང་ལྗོངས་ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁོངས་གཏོགས་ཀྱིས་འཕྲལ་སྒྲུབ་སྲོག་སྐྱོབ་པ་ཁྲི་1.6གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོ་ནས་བཟུང་ལྗོངས་ཡོངས་སུ་འཕྲལ་སྒྲུབ་སྲོག་སྐྱོབ་པ་ཁྲི་1.6ལ་གསོ་སྦྱོང་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་560ལ་སྨན་བཅོས་དང་། ཞིང་འབྲོག་པ་2000ལ་སྨན་རིན་མི་དགོས་པར་སྐྱ་གྲིབ་གཤགས་བཅོས། ནད་པ་1000ལྷག་ཙམ་ལ་གྲུམ་བུ་ཚིགས་ཆེན་ནད་བཅོས། མཆུ་ཤོ་རྐན་ཤོའི་བྱིས་པ་500ལྷག་ཙམ་ལ་སྨན་བཅོས་བཅས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ནད་ཆེན་དབྱེ་བཤེར་རོགས་སྐྱོབ་ཧུར་ཐག་བྱས་པ་མ་ཟད། ད་དུང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཐེབས་རྩ་ལྷན་ཚོགས་དང་ཀྲུའུ་ཧའེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་སོགས་སྤྱི་ཚོགས་རྩ་འཛུགས་དང་མཉམ་འབྲེལ་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་ཁྲི་2ལྷག་ཙམ་ལ་དབྱེ་བཤེར་བྱས་པ་དང་། ཞིང་འབྲོག་པ་ཁྲི་1.2ལ་སྨན་རིན་མི་དགོས་པར་སྐྱ་གྲིབ་ཕོག་མིན་དབྱེ་བཤེར་བྱས་པ། གྲུམ་བུ་ཚིགས་ཆེན་གྱི་ནད་གཞིར་སྐོར་སྐྱོད་སྨན་བཅོས་དང་སྨན་རིན་མི་དགོས་པའི་སྨན་བཅོས་བྱས་པ་བཅས་དང་། སྨན་རྫས་དང་རྒྱུན་མཐོང་ནད་གཞི་འགོག་བཅོས་ཀྱི་དྲིལ་བསྒྲགས་དངོས་པོ་སྤྲད་པར་རིམ་རྩིས་བརྒྱབ་ན་འགྲོ་གྲོན་སྒོར་ཁྲི་30བཏང་བ། འཛུམ་བཞད་ཕོ་ཉའི་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ་མཆུ་ཤོ་རྐན་ཤོ་བཅོས་པའི་བྱེད་སྒོ་སྤེལ་བ་དང་མཆུ་ཤོ་རྐན་ཤོའི་བྱིས་པ་670ལ་དབྱེ་བཤེར་བྱས་པ། “ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁམས་འཕྲོད་བསྟེན་བདེ་ཐང་གི་ཚན་རིག་ཁྱབ་གདལ་སློབ་གསོ”ལག་བསྟར་བྱས་པར་འགྲོ་གྲོན་སྒོར་ཁྲི་175བཏང་བ་ལས་ཞིང་འབྲོག་པ་3589ལ་ཕན་པ་ཐོབ་པ་དང་། གྲོང་གསེབ་ཏུ་བསྐྱོད་དེ་རྒྱ་གྲམ་དམར་རྟགས་ཚོགས་པའི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་པར་དམིགས་ནས་འོས་འགན་སྨན་བཅོས་ཐེངས་12བྱས་པ་དང་། སྒོར་ཁྲི་40རི་བའི་སྨན་རྫས་སྤྲད་དེ་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    གཞན་ཡང་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་རིགས་ཁག་གི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་གཉེར་བ་བརྒྱུད། འཕྲལ་སྒྲུབ་སྲོག་སྐྱོབ་དགེ་རྒན་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་ཐབས་ལམ་མང་པོའི་ཐོག་ནས་ཆུ་ཚད་མཐོ་བའི་དགེ་རྒན་གདམ་གསེས་བྱེད་པ་དང་འབྲེལ་བབ་བསྟུན་དོ་དམ་བྱས་ཏེ་ཁྱོན་ཚད་ལྡན་དགེ་རྒན་48གསོ་སྦྱོང་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།