དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས“ཆུང་ལ་ལེགས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    ​ཁྲུས་ཁང་ཐབ་ཚང་སྒྱུར་བཀོད་ཀྱིས། དམངས་ཀྱི་འཚོ་བར་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    2025ལོ་ནས་བཟུང་། རང་ལྗོངས་ཀྱིས“ཆུང་ལ་ལེགས་པའི”དམངས་འཚོའི་རྣམ་གྲངས་ལ་དམིགས་ནས། གྲོང་ཚོ་རིམ་པའི་ཁྲུས་ཁང་དང་ཐབ་ཚང(ཟ་ཁང)སྒྱུར་བཀོད་མཐོར་གཏོང་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དང་བདེ་ཐང་ཤེས་དཔལ་གྱི་སྲོལ་གསར་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞིར་བྱས་ཏེ། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.6བཏང་ནས་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བས། གངས་ལྗོངས་ས་མཐོའི་རི་ཁུག་ནས་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་བར་འཚོ་བའི་གནད་དོན་ཆུང་ངུར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད།

    “གཟུགས་པོ་ཁྲུས་ཁང་མེད་པ”ནས“ལུས་སེམས་གཉིས་དྲོས”བར་གྱི་འགྱུར་ལྡོག

    སྔོན་ཆད། རྨང་གཞིའི་སྒྲིག་བཀོད་དང་གནམ་གཤིས་ཆ་རྐྱེན་གྱི་དབང་གིས“གཟུགས་པོ་འཁྲུད་དཀའ་བ”ནི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་མང་པོ་དང་ལྷག་པར་དུ་མཐོ་གྲང་ས་ཁུལ་གྱི་མང་ཚོགས་ལ་དཀའ་ངལ་ཡོད་པའི་དངོས་ཡོད་ཀྱི་གནད་དོན་ཞིག་རེད། 2025ལོའི་ལོ་འགོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཚོ་རིམ་པའི་ཁྲུས་ཁང་དང་ཐབ་ཚང་སྒྱུར་བཀོད་མཐོར་གཏོང་ལས་དོན་དེ་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཆེད་དོན་ལས་འགན་ཁག་ལྔའི་གྲས་ཤིག་ཏུ་བཞག་སྟེ། “འཇུག་སྒོ་ཆུང་ངུར”དམིགས་ནས“དམངས་འཚོ་ཆེན་པོ”ལེགས་སུ་གཏོང་བའི་གཅིག་བསྡུས་འགག་སྒྲོལ་གྱི་ལས་དོན་ཞིག་སྤེལ་ཡོད།

    “རྒྱུག་པ་ལེབ་བརྡུངས”ཀྱི་གནས་ཚུལ་མི་ཐོན་པའི་ཆེད། རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་“གྲོང་ཚོ་རེ་ལ་ཐབས་ཇུས་རེ”མཐའ་འཁྱོངས་བྱས་ཡོད། ལྷ་ས་དང་ལྷོ་ཁ་སོགས་རྨང་གཞི་ཅུང་ལེགས་པའི་ས་གནས་སུ། སྔར་ཡོད་སྒྲིག་བཀོད་ལ“མྱོང་རོལ་རྣམ་པའི”ལེགས་སྒྱུར་དང་རིམ་སྤོར་གཙོ་གནད་ཐོག་བྱས་ཏེ། རྙིང་འགྱུར་སྦུག་གུའི་ཆ་ལག་བརྗེས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་དང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་ཉི་མ་རྫོང་སོགས་མཐོ་གྲང་འབྲོག་ཁུལ་དུ“ལངས་གཟུགས་ཆུ་གསོག་དང་འཁྱགས་འགོག་དྲོད་སྲུང་ཟུང་དུ་འབྲེལ་བ”དང“ཨར་སྐྲུན་དྲོད་སྲུང་དང་སྣ་མང་དྲོད་ལེན་ཟུང་དུ་འབྲེལ་བ”སོགས་ལག་རྩལ་ཇུས་གཞི་གསར་གཏོད་བྱས་ནས་སྤྱད་དེ་དགུན་དུས་ཀྱི་ཆུ་མཁོ་འདོན་དང་དྲོད་སྲུང་གི་དཀའ་གནད་བསལ་བ། ཆ་རྐྱེན་ཅུང་ཞན་པའི་ས་ཁུལ་ཉུང་ཤས་ལ་བསྐྱར་སྐྲུན་ཡང་བྱས་ཡོད།

    གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར། ལྗོངས་ཡོངས་སུ་གྲོང་ཚོ་རིམ་པའི་ཁྲུས་ཁང་3827སྒྱུར་བཀོད་མཐོར་གཏོང་བྱས་པ་དང་ཁྱབ་ཚད91.28%ཟིན་ནས། ཆ་སྙོམས་ཟླ་རེར་གྲོང་ཚོ་རིམ་པའི་ཁྲུས་ཁང་དུ་གཟུགས་པོ་འཁྲུད་མཁན་མི་ཐེངས་ཁྲི་16.48ལྷག་ཙམ་ཟིན་ཡོད། དྲོ་སོབ་སོབ་ཀྱི་སྤྱི་པའི་ཁྲུས་ཁང་རེ་རེས་ལུས་ཀྱི་དྲེག་པ་བཀྲུས་པ་མ་ཟད། བདེ་ཐང་དང་ཤེས་དཔལ་གྱི་དར་སྲོལ་གསར་པ་ཡང་ཆགས་ནས་མང་ཚོགས་ཀྱི་ལུས་སེམས་དྲོ་སོབ་སོབ་ཏུ་གྱུར་ཡོད།

    “ལྟོ་རྩ་འཕྱིད་ཙམ”ནས“ཁྱིམ་ཚང་གི་བྲོ་བ་ལྡན་པའིི”བར་གྱི་གོང་བུ་འགྲིལ་ཤུགས།

    ཁྲུས་ཁང་དང་དུས་མཚུངས་གྲོང་ཚོའི་ཐབ་ཚང་དང་ཟ་ཁང་རིམ་སྤོར་བྱས་ཡོད། དུས་ཡུན་རིང་པོའི་ནང་། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་རྣམས་ལྟོ་ཆས་ཟ་བར་སྟབས་བདེ་མེད་པ་དང“རང་ཉིད་ཀྱིས་ལྟོ་ཆས་བཟོ་བའི”གནས་ཚུལ་ཅུང་ཡོངས་ཁྱབ་ཏུ་ཐོན་ཡོད། སྒྱུར་བཀོད་མཐོར་གཏོང་གི་ལས་དོན་སྤེལ་འགོ་ཚུགས་རྗེས། ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཐབ་ཚང(ཟ་ཁང)2944ཕྱོགས་ཡོངས་ནས་མཐོར་གཏོང་བྱས་ནས་ཁྱབ་ཚད་96.33%ཟིན་ཡོད།

    སྒྱུར་བཀོད་བྱས་རྗེས་ཀྱི་ཐབ་ཚང་ལ་འདུས་གྲུབ་ཐབ་དང་། འཁྱགས་སྒམ་དང་གྲང་སྒམ། དུག་སེལ་སྒམ་སོགས་དེང་རབས་ཅན་གྱི་ཐབ་ཚང་སྒྲིག་ཆས་ཡོངས་ཁྱབ་ངང་སྒྲིག་སྦྱོར་བྱས་ནས་བདེ་འཇགས་དང་འཕྲོད་བསྟེན་འགན་ལེན་བྱས་ཡོད། ལྷ་ས་དང་གཞིས་རྩེ་སོགས་སུ་གྲོང་ཚོ་ཁག་གཅིག་གི་ཟ་ཁང་གིས་ད་དུང་ཞབས་ཞུའི་ནུས་པ་རྒྱ་སྐྱེད་ཧུར་ཐག་བཏང་ནས་གྲོང་ཁྱེར་སྡེ་ཁུལ་གྱི་ཟ་ཁང་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་ཟུང་འབྲེལ་བྱས་ཏེ“རྒན་གཅིག་གཞོན་གཅིག”གི་ཟ་འཐུང་གི་དཀའ་གནད་སེལ་རོགས་བྱས་ཡོད། དེ་བས་གལ་ཆེ་བ་ཞིག་ནི། གཅིག་སྡུད་ཐོག་ལྟོ་ཆས་ཟ་བའི་རྣམ་པ་དེས་ལས་བྱེད་པ་རྣམས“ལྟོ་རྩ་འཕྱིད་ཙམ”ནས“གྲལ་སྒོར་ལྟོ་ཆས་ཟ་བའི”རྣམ་པར་འགྱུར་ལྡོག་ཕྱིན་ཏེ། ལྟོ་ཆས་ཚ་སོབ་སོབ་ངང་ཟ་བ་དང་བག་ཕེབས་ལ་སྤྲོ་སྣང་ལྡན་པའི་སྤེལ་རེས་ཁྲོད་ཁོང་ཚོའི་དབར་བརྩེ་དུང་ཟབ་ཏུ་ཕྱིན་པ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ནས། “ཁྱིམ་ཚང”ལྟ་བུའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

    མིག་སྔར། ལྗོངས་ཡོངས་སུ་གྲོང་ཚོའི་ལས་བྱེད་པ་ཁྲི་2.67དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་1.94ཡིས་གྲོང་ཚོ་རིམ་པའི་ཐབ་ཚང(ཟ་ཁང)དུ་གཅིག་གྱུར་གྱིས་ལྟོ་ཆས་ཟ་བཞིན་ཡོད། དེ་ནི་ལྟོ་ཆས་བཟོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། གཞི་རིམ་གྱི་ལས་ཀའི་གཡུལ་སའི་ནུས་པ་ཆེ་རུ་ཕྱིན་པ་དང་ཚོགས་པའི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་ཞིག་ཡིན་པས། ལས་བྱེད་པ་རྣམས་དེ་བས་བློ་བདེ་པོའི་ངང་གཞི་རིམ་དུ་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད།

    “ཡག་པོ་བསྐྲུན་པ”ནས“ཕུགས་ཕན་དོ་དམ”བྱེད་པའི་བར་གྱི་འགན་སྲུང་།

    འཛུགས་སྐྲུན་ནི་རྨང་གཞི་དང་། དོ་དམ་སྲུང་སྐྱོང་ནི་འགག་རྩ་ཡིན། དམངས་འཚོའི་སྒྲིག་བཀོད་དེ་དག་ཡག་པོ་སྐྲུན་པ་དང་། བེད་སྤྱོད་ཡག་པོ་བྱེད་པ། ཕུགས་ལ་འཁྱོལ་བ་བཅས་འགན་ལེན་ཇི་ལྟར་བྱེད་དགོས་སམ། རང་ལྗོངས་ཀྱིས་ལག་ལེན་ཁྲོད་སྤྱོད་གོ་ཆོད་པའི་ཕུགས་ཕན་གྱི་གཉེར་སྐྱོང་ལམ་སྲོལ་ཆ་ཚང་ཞིག་འཚོལ་ཞིབ་བྱས་ནས་བཙུགས་ཡོད་པ་རེད།

    དོ་དམ་གྱི་ངོས་ནས“རྫོང་རིམ་པས་མཛུབ་ཁྲིད་བྱེད་པ་དང་། ཤང་རིམ་པས་དོན་འཁྱོལ་བྱེད་པ། གྲོང་ཚོ་རིམ་པས་འགན་འཁུར་བ”བཅས་ཀྱི་མ་ལག་ཅིག་ཆགས་པ་དང་གྲོང་ཚོ་ཁག་གིས“གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན། གྲོང་མིའི་འཐུས་མི་བཅས་ཟུང་དུ་འབྲེལ་བའི”ཐུན་མོང་ཐོག་ཞུགས་པའི་དོ་དམ་སྲུང་སྐྱོང་ལམ་སྲོལ་ཡོངས་ཁྱབ་ངང་བཙུགས་ཡོད། གཉེར་སྐྱོང་གི་ངོས་ནས་བྱང་ཆུབ་པའི“སྐར་གསོག་ལམ་ལུགས”དོ་དམ་གྱིས་སྒྲིག་བཀོད་བེད་སྤྱོད་དང་གྲོང་གསེབ་བཅོས་སྐྱོང་གཉིས་ཟུང་འབྲེལ་ཡག་པོ་བྱས་ཡོད། གྲོང་ཚོ་མང་པོ་ཞིག་གིས“སྒོ་རའི་འཕྲོད་བསྟེན”དང“མི་སྡོད་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པ”སོགས་ཤེས་དཔལ་གྱི་བྱ་སྤྱོད་དེ་སྐར་གསོག་ནང་བཅུག་ནས་གྲོང་མིས་སྐར་མ་སྤྱད་དེ་ཁྲུས་ཁང་སོགས་སྒྲིག་བཀོད་རིན་མེད་ངང་སྤྱོད་ཀྱི་ཡོད་པ་རེད། “བྱ་སྤྱོད་ལ་བརྟེན་ནས་སྐར་མ་བརྗེ་བ་དང་གསོག་འཇོག་ལ་བརྟེན་ནས་ཞབས་ཞུ་མཉམ་སྤྱོད་བྱེད་པའི”རྣམ་པ་དེ་རིགས་ཀྱིས་མང་ཚོགས་གྲོང་ཚོ་རིམ་པའི་ལས་དོན་ལ་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་། སྒྲིག་བཀོད་ཆུང་ཆུང་གིས་ཡུལ་སྲོལ་ཤེས་དཔལ་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་ཕན་ནུས་ཆེན་པོ་འདོན་སྤེལ་ཐུབ་ཡོད།

    “དམངས་འཚོའི་གནད་དོན་དོན་ཆུང་མིན། དམངས་ཆེད་དོན་ཆུང་ལེགས་པར་སྒྲུབ”རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས། ཁྲུས་ཁང་དང་ཐབ་ཚང་ལ“སྒྱུར་བཀོད་ཆུང་ཆུང་བྱེད་པ”ནས་འགོ་བརྩམས་པའི་ལས་དོན་དེ་འཚོ་བ་སྐྱེལ་སྟངས་དང་། ཤེས་དཔལ་གོམས་སྲོལ། གཞི་རིམ་བཅོས་སྐྱོང་བཅས་དང་འབྲེལ་བ་ཡོད་པའི“འཕོ་འགྱུར་ཆེན་པོར”གྱུར་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་ཡོང་བར་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད་ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།