དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཚོང་གཉེར་ཁོར་ཡུག་ཞིང་ས་གཤིན་པོ་རུ། ཁེ་ལས་སྣ་ཚོགས་གཞིས་ཆགས་ལས་ལ་བྲེལ།

    ​—— ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14


    འདི་ནི་བོད་ལྗོངས་ཆབ་མདོ་འོད་གླིང་དམངས་ཕན་སྨན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་བཟོ་པས་སྨན་རྫས་ཐུམ་རྒྱག་བཞིན་པ།

    “དོ་དམ་ཨུ་ལྷན་གྱི་རོགས་སྐྱོར་ཤུགས་ཆེན་འོག ང་ཚོའི་ཁེ་ལས་ལ་ཁང་གླ་དམའ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ལ། ཁེ་ལས་ལ་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ལེན་རོགས་བྱས་ཏེ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད”ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བོད་ལྗོངས་ཆབ་མདོ་འོད་གླིང་དམངས་ཕན་སྨན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི(གཤམ་དུ་འོད་གླིང་དམངས་ཕན་སྨན་ལས་ཀུང་སི་ཞེས་བསྡུ་རྒྱུ)སྤྱི་ཁྱབ་ལྟ་ཞིབ་པ་ཧོ་ཧྲན་ཧྭ་ཡིས་བཤད།

    2020ལོར་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་པ་བཟུང་། འོད་གླིང་དམངས་ཕན་སྨན་ལས་ཀུང་སི་འཕེལ་རྒྱས་མྱུར་པོ་བྱུང་ནས་ན་ནིང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལས་བརྒལ་ཏེ་ལྗོངས་ཡོངས་ཀྱི་བོད་སྨན་ཁེ་ལས་ཨང་གསུམ་པར་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གསར་གཏོད་སྐུལ་སྤེལ་དང་ལྗང་མདོག་འཕེལ་རྒྱས་འཇུག་གཞིར་བྱས་ཏེ་གླིང་ཁུལ་གྱི“གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ”ཧུར་ཐག་བཏོད་པ་དང་། ནུས་ཤུགས་ཡོད་རྒུས་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་བ། གླིང་ཁུལ་གྱི་ཐོན་ལས་བཀོད་སྒྲིག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས། དཔལ་འབྱོར་གྱི་གཞི་ཁྱོན་ཆེ་བའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    “ཁེ་ལས་ཀྱི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱ་ཆེད། ང་ཚོས‘1+1+1’གི་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་ནས‘ཁེ་ལས(རྣམ་གྲངས)གཅིག་དང་། འགོ་ཁྲིད་གཅིག འབྲེལ་གཏུག་པ་གཅིག’བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཁེ་ལས་ཀྱི་རྗེས་སྙེག་ཞབས་ཞུའི་འགན་ལེན་ལམ་ལུགས་དང་འཚམས་འདྲི་བརྟག་ཞིབ་ཀྱི་ལམ་ལུགས་ལག་ལེན་བསྟར་ནས། གླིང་ཁུལ་གྱི་ཁེ་ལས་ཁག་དང་། སྐྲུན་བཞིན་པའི་རྣམ་གྲངས། གཙོ་གནད་སྐུལ་སྤེལ་རྣམ་གྲངས་བཅས་འགན་ལེན་གྱི་ཞབས་ཞུ་བགོས་ཏེ་ཁེ་ལས་ཚང་མར་དེ་མཚུངས་ཀྱི་འབྲེལ་གཏུག་འགོ་ཁྲིད་པ་དང་འབྲེལ་གཏུག་ལས་བྱེད་པ་རེ་ཡོད་པར་བྱས་ཏེ། ‘གཅིག་གཏད་གཅིག’དང‘ཁས་ལེན་ལམ་ལུགས་དང་ཚབ་སྒྲུབ་ལམ་ལུགས་ཟུང་དུ་འབྲེལ་བའི’ཞབས་འདེགས་ཞུས་ནས། 2025ལོར་རང་འགུལ་ངང་གླིང་ཁུལ་གྱི་ཁེ་ལས་སུ་ཉེ་བཅར་་དང་བརྟག་ཞིབ་ཐེངས་2ལས་མི་ཉུང་བ་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་དངོས་དང་རེ་ཞུ་ཐག་གཅོད་བྱེད་རོགས་བྱས་པ་དང་འབྲེལ་ལས་ཀའི་རྩིས་ཐོ་ཡང་བཟོས་ནས་རྗེས་སྙེག་ཞབས་ཞུ་རྒྱུན་མཐུད་སྒྲུབ་ཐུབ་པར་བྱས་ཡོད”ཅེས་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་སྨི་ཡིས་བཤད།

    འོད་གླིང་དམངས་ཕན་སྨན་ལས་ཀུང་སིར་དཔེ་བཞག་ན། ཁེ་ལས་དེའི་ལས་བཟོ་མང་བ་དང་རང་བསྐྲུན་ཉལ་ཁང་མི་འདང་བའི་གནས་ཚུལ་ཤེས་རྗེས། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས“ལས་མིའི་སྡོད་ཁང་དོ་སྙོམ”གྱི་ཞབས་ཞུའི་ཐོན་ལས་འགན་སྲུང་ལམ་སྲོལ་བཙུགས་ཏེ། བོགས་གཏོང་གཞུང་ཁང་ཁག་24ཐག་གཅོད་བྱས་ནས་ཁེ་ལས་ཀྱི་ལས་བཟོར་སྤྲད་པར་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ནས། ཆབ་མདོའི་རང་ས་གནས་ཀྱི་མི་བརྒྱ་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།

    ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་པ།

    ཁེ་ལས་ལ་ཕན་པའི་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། སྤྱོད་གོ་འཕེར་བ། ཆ་ཚང་སྤྱོད་ཐུབ་པ་བཅས་ལ་ཁྲིད་སྟོན་དང་རོགས་རམ་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་འདེགས་བྱ་ཆེད། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་རྒྱུན་རྣམ་ཅན་དུ་གླིང་ཁུལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྒྲོག་འགྲེལ་དང་གསོ་སྦྱོང་བྱས་པ་དང་། དུས་བཀག་ལྟར་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་དང་གཙོ་གནད་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་། ཞབས་ཞུའི་སྤུས་ཚད་མཐོར་གཏོང་། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དངུལ་བུན་གྱི་དགོས་མཁོ་ཤེས་རྟོགས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཐད་སྤེལ་རེས་དང་བཞུགས་མོལ་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དྲ་བ་སོགས་ལས་སྟེགས་བརྒྱུད《ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་དྲིལ་བསྒྲགས་ཁྱབ་ཁོངས་དང་ཕན་འབྲས་ཆེ་རུ་བཏང་བ་དང་དུས་མཚུངས། སྲིད་ཇུས་ཀྱི་ཆོག་འཁྲོལ་ཁྱབ་ཁོངས་ནང་། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་རང་ངོས་ཀྱི་ལེགས་ཆ་མཐའ་འཁྱོངས་བྱས་ཡོད།

    “ཉེ་བའི་ལོ་ཤས་རིང་། ང་ཚོས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་འབྲིང་ཆུང་ལ་གློག་སྤྱོད་ཁ་གསབ་དང་། འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ། ཐོན་ལས་རོགས་སྐྱོར་མ་དངུལ་སོགས་སྒོར་དུང་ཕྱུར་6ལྷག་ཙམ་རེ་ཞུ་བྱེད་རོགས་བྱས་པ་མ་ཟད། གླིང་ཁུལ་གྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་20ལྷག་ཙམ་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས་དེ་མཚུངས་སུ་ལག་ལེན་བསྟར་ནས་ཁྱོན་སྒོར་ཁྲི་1058.5ཉུང་དུ་བཏང་ཡོད”ཅེས་ཆབ་མདོ་དཔལ་འབྱོར་འཕེལ་རྒྱས་ཁུལ་དོ་དམ་ཨུ་ལྷན་ཁེ་ལས་ཁྲུའི་ཁྲུའུ་ཀྲང་ཕུའུ་ཡན་ལི་ཡིས་བཤད།

    འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་བཏང་ནས་གླིང་ཁུལ་གྱི་འགྲོ་ལམ་བཟོ་བ་དང་། རྐང་ཐང་ལམ་འདིང་བ། ས་ཞིང་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་སྤྱོད་འགོ་བཙུགས་པས་གླིང་ཁུལ་གྱི་ཁོར་ཡུག་ཕྱོགས་ཡོངས་ནས་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེ་དང་ཆབས་ཅིག་ཤེས་ལྡན་པའི་སྤྱི་ཤག་བསྐྲུན་ནས་གླིང་ཁུལ་གྱི་མཐོ་གསར་ལག་རྩལ་གྱི་ཤེས་ལྡན་པ་དང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པར“སྡོད་ཆོག་ཆོག”གི་ཤེས་ལྡན་པའི་སྤྱི་ཤག་60མཁོ་འདོན་བྱས་ནས་གླིང་ཁུལ་ལ་ཤེས་ལྡན་པ་འགུག་པ་དང་། འདུས་པ། གནས་ཐུབ་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། གླིང་ཁུལ་གྱི་ཁ་རུབ་ཆུས་བུ་བཅོལ་ཁང་གཉིས་པ་དང་སློབ་ཆུང་གསུམ་པ་2024ལོའི་ཟླ་8པར་སྔ་རྗེས་སུ་སློབ་འགོ་ཚུགས་ནས་གླིང་ཁུལ་གྱི་ཁེ་ལས་དང་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་འགྲོ་བདེ་བའི་དགོས་མཁོ་བསྐང་ཡོད།

    “2025ལོའི་ཟླ་10པའི་ཟླ་མཇུག་བར། གླིང་ཁུལ་དུ་རིམ་རྩིས་བརྒྱབ་ན་ཁེ་ལས་1931གཞིས་ཆགས་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་467.47ཟིན་ཡོད། ཚོང་འགུགས་མ་འདྲེན་རྣམ་གྲངས་87ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་49.24དམིགས་སར་འབྱོར་བ་དང་། དཔྱ་ཁྲལ་སྒོར་དུང་ཕྱུར་84.31འཇལ་ཡོད”ཅེས་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་གོ་ཧུའེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།