དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བརྟན་ལ་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས།

    ​—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-01-14

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་པའི་འཆར་གཞི་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ། ལོ་རྒྱུས་དང་ལག་ལེན་ནས་ང་ཚོར་འགག་རྩ་དེ་ཏང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཐུག་པ་གསལ་བཤད་བྱས་ཡོད།

    “ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བརྟན་ལ་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། དབང་ཆ་དེ་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་འཇུག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས” སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་དང་འཐབ་ཇུས་བཀོད་སྒྲིག་གནང་བ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་ཡིན་ལ། གཏན་འཁེལ་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཡང་མང་པོ་གནས་ཡོད། ལས་འགན་དཀའ་ཚེགས་ཆེ་བ་དང་དུས་བབ་རྙོག་འཛིང་ཆེ་བ། འགྲན་སློང་དྲག་པོ་བཅས་ཇི་ལྟར་འཕྲད་རུང་། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་མཚོ་རྟེན་ཀ་བ་ལྟ་བུའི་ནུས་པ་དེ་བས་འདོན་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལག་བསྟར་བྱེད་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་དགོས།

    “ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་རེད་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་རེད”

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་འཆར་འགོད་ནས་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བའི་བར་གྱི་བླང་བྱ་ཁ་གསལ་བཏོན་པ་དང་། དེ་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་བར། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་དང་། ཁ་གསལ་བའི་ལས་ཀའི་བསམ་ཕྱོགས་དང་། ལས་འགན། སྲིད་ཇུས་བཅས་ཚང་མ་ནི་རིགས་པས་ཁུངས་འདེད་གང་ལེགས་བྱས་པ་དང་ཞིབ་འཇུག་ཡང་ཡང་བྱས་ནས་བཏོན་པ་ཞིག་རེད། གཏན་འཁེལ་ཟིན་ན་དོན་འཁྱོལ་བྱེད་དགོས། ཏང་ཡོངས་བློ་སེམས་གཅིག་མཐུན་དང་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ། ང་ཚོས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་དཀའ་ངལ་གང་ལའང་དཔའ་མི་ཞུམ་པར་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་སྐུལ་འདེད་ནུས་པ་དེ་བས་ཆེ་བ་གཅིག་ཏུ་སྒྲིལ་ཐུབ།

    “ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། འགན་འཁྲི་ཁུར་སེམས་ནི་སེམས་ལ“རྒྱལ་ཁབ་ཀྱི་དོན་ཆེན”འཆང་བ་དང་རྟག་ཏུ་བློ་བཟོད་མི་བདེ་བའི་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་དེ་ཡི་འགན་འཁྲི་ཁུར་བ་དེ་ཡིན། ལས་འགན་སྒྲུབ་སེམས་ནི“ལོ་རྒྱུས་ཀྱི་ཤུགས་མཐུད་དབྱུག་པ”བླངས་ནས་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་བློ་བརྟན་འགྱུར་མེད་ཀྱི་མཐའ་འཁྱོངས་ཤིག་དང་། སེམས་ནང་ཕུགས་བསམ་ཡོད་པ་དང་། བློ་ལ་རྒྱལ་ཁབ་དང་ཁྱིམ་ཚང་འཆང་བ། ཕྲག་སྟེང་དུ་འགན་འཁྲི་ཡོད་པ་བཅས་ཡིན། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དེ་བསམ་འདུན་ངོ་མར་བརྩི་བ་དང་། ཏང་གི་ལས་འགན་ཚེ་སྲོག་ཏུ་བརྩིས་ནས། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཐོག་གཅིག་ཏུ་སྒྲིལ་དགོས།

    བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་དངོས་སྒྲུབ་པ་ཡག་པོ་ཞིག་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་འགག་རྩ་ཡིན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དང་ཁ་ཕྱོགས་འཛོལ་ཡོད་མེད་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་རྒྱབ་འགལ་སོང་ཡོད་མེད། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལོགས་སུ་གྱེས་ཡོད་མེད། རྒྱལ་བབ་དང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཁ་བྲལ་ཡོད་མེད་བཅས། ཏང་གི་འགན་འཁྲི་དང་ལས་འགན་བསྒྲུབ་རྒྱུ་ནས་འགོ་བཙུགས་ཏེ་རྒྱུན་དུ་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ལྟ་ཞིབ་བྱས་ཚེ། ང་ཚོས་ད་གཟོད་བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ།

    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་གྱི་གཞི་རྩའི་བླང་བྱ་ཞིག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ངོས་ནས་བརྗོད་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་གཏན་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ཚེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་སྔར་བས་ལེགས་པ་འདོན་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཤེས་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ནན་ཏན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། དེ་ཐོག་ནས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པའི་ནང་གནས་ཀྱི་བླང་བྱ་གང་ལེགས་མཚོན་ཡོད།

    དཔེར་ན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཏང་ཀྲུང་དབྱང་གིས“ཡུལ་བབ་དང་བསྟུན་དགོས”ཞེས་ནན་བཤད་ཡང་ཡང་གནང་ཡོད། ས་ཆ་ཁག་གཅིག་གིས་རྨོངས་ཚོད་ཀྱིས་རྗེས་སུ་འབྲངས་ཏེ་གཞན་གྱིས་ཉིང་ལྷེབ་བཟོས་པ་མཐོང་ཚེ་རང་ཉིད་ཀྱིས་ཀྱང་བཟོ་བ་དང་། གཞན་གྱིས“ཐོན་གསར་གསུམ”གཉེར་ཚེ་རང་ཉིད་ཀྱིས་ཀྱང་དེ་ལྟར་བྱེད། ཐ་ན་དོན་དངོས་ལ་མ་བལྟོས་པར་སྲོལ་རྒྱུན་ཐོན་ལས་དེ“ཐོན་ལས་ཐ་གྲས”དང“དུས་ཡོལ་ཐོན་ལས”ལ་བརྩིས་ནས་གཉེར་མཚམས་བཞག་ཡོད། དེ་དག་གིས་ང་ཚོར་ཉེན་བརྡ་བཏང་བར། དོན་འཁྱོལ་ལ་དམ་འཛིན་བྱེད་སྐབས་གལ་སྲིད་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཁ་བྲལ་ཚེ་རྣམ་པ་འགྱུར་སླ་པོ་ཡོད་པ་རེད།

    གཞན་ཡང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་དཔེ་བཞག་ན། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་དང་འདྲ་མཉམ་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་4218གཅིག་སྡུད་ཐོག་གཙང་སེལ་བྱས་ཡོད་མོད། འོན་ཀྱང་ཁེ་ལས་ཀྱི་འགྲན་རྩོད་དང་། སྲིད་གཞུང་གི་ཉོ་སྒྲུབ་འོས་སྐུལ། ས་གནས་ཀྱི་ཚོང་འགུག་མ་འདྲེན་སོགས་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་འགག་གནས་སྔར་བཞིན་གནས་ཡོད། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ས་གནས་ཀྱིས་སྲུང་སྐྱོང་དང་ཁྲོམ་ར་བགོ་བཤའ་རྒྱག་པ་མཐའ་གཅིག་ཏུ་མེད་པ་བཟོས་ན། ད་གཟོད་རང་རྒྱལ་གྱི་འཕེལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བརྟན་ལ་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བར་འགལ་བ་མེད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་བཟོས་པ་ཞིག་ཡིན་པས། ཡོངས་ཁྱབ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ལྡན་ཡོད། འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་གསར་གཏོད་རང་བཞིན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཚེ། གཞི་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་ཐུབ།

    ལས་ཀ་གང་ཞིག་ཡིན་རུང་དངོས་ཐོག་བདེན་འཚོལ་དང་དོན་དངོས་ནས་འགོ་རྩོམ་དགོས་པ་ལས། ཞྭ་དཔེ་ལྷམ་འགེབས་དང་ཕྱི་ཚུལ་རིང་ལུགས་གཏན་ནས་བྱེད་མི་རུང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་དུ་ངེས་གནས་གནད་སྨིན་གཏན་འཁེལ་བྱེད་པ་དང་། ཡུལ་བབ་དང་དུས་བབ་ལ་བསྟུན་པ། གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་བ་བཅས་བྱས་ཏེ། མཐའ་མཇུག་གི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དགོངས་པ་དང་སྲིད་ཇུས་ཀྱི་ཐོག་མའི་བསམ་འདུན་དང་མཐུན་པར་འགན་ལེན་བྱེད་དགོས།

    “ལོ་ལྔ་ཚན་བཅོ་ལྔ་པར”གོམ་ཞེང་ཆེན་པོས་མདུན་སྐྱོད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བརྟན་ལ་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས“ལོའུ་ཧྲན་འགག”དང“ལཱ་ཙི་ཉག་ག”ལྟ་བུའི་དཀའ་ངལ་རེ་རེ་བཞིན་ཁྱད་དུ་བསད་ཚེ་ང་ཚོ་གཞི་ནས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།