ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་བྱེད་དགོས།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་1ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བརྟན་ལ་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། དབང་ཆ་དེ་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་འཇུག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2025ལོར་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་སྐོར་ཞིབ་ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་འགན་ལེན་ནུས་ལྡན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་ཏང་ཡོངས་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་སྲོལ་གསར་འཛུགས་པར་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ཏེ་རུལ་སུངས་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བར་ཤུགས་སྣོན་བརྒྱབ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་རེད་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ་བཅས་ལ་དམ་པོར་དམིགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ་སོགས་ཀྱི་ལས་འགན་བླང་བྱར་དམིགས་པ། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་དང་བཅོས་སྒྲིག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་སྤྱོད་གོ་ཆོད་པའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ནན་ཏན་བྱེད་དགོས། ད་ལོ་ས་གནས་ཀྱི་སྐབས་བརྗེའི་ལས་དོན་སྤེལ་འགོ་ཚུགས་པས། ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་བཀོལ་སྤྱོད་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་རང་ངོས་གསར་བརྗེ་དེ་གཙོ་བོ་དབང་ཆའི་བཅོས་སྐྱོང་ལ་ཐུག་ཡོད་པས། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཏན་འབེབས་ལག་བསྟར་བྱེད་འགོ་ཚུགས་ནས་གནད་དོན་ཐག་གཅོད་དང་སྒྲིག་སྲོལ་ནན་དུ་བཏང་སྟེ། གཅུན་འདོམས་ནན་པོ་བྱས་ནས་ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པར་ལམ་ལུགས་ཀྱི་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་ཚགས་དམ་ཞིང་རྙོག་འཛིང་མེད་པ་དང་སྤྱོད་གོ་ཆོད་པ་དགོས་ལ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་ལ་སྲུང་བརྩི་ཞུ་བའི་ཐད་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པའི་ཐད་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་གཏན་འབེབས་ཟིལ་གནོན་གྱི་བྱེད་ཐབས་སུ་འགྱུར་བ་བྱེད་དགོས། “འགོ་ཁྲིད་གཙོ་བོས”སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དང་ལས་བྱེད་པ་ཚོས་སྒྲིག་ཁྲིམས་ཤེས་པ་དང་། སྒྲིག་ལམ་ཤེས་པ། གུས་སྐྲག་ཤེས་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། ཏང་དོན་དང་སྲིད་དོན་དེ་བས་ཁ་གསལ་ཡོང་བ་བྱས་ཏེ་དབང་ཆ་ཕྱི་གསལ་ནང་གསལ་སྤྱོད་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བཀག་རྡོ་ལྟ་བུ་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཕམ་མི་བཟོད་པ་དང་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་རྩ་ལག་མཉམ་བཅོས་དང་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཏོད་པས། ལམ་བུ་འདིར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ་ཞིག་ཡོད། དམ་བསྒྲགས་རྣམ་པར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མཁན་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་བྱེད་མཁན་ཡོད་ན་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་པ། ནག་སེལ་གཤེད་བཅོམ་བཅས་བྱས་ཏེ། རུལ་སུངས་མཁན་ཡིབ་ས་མེད་པར་བཟོ་དགོས། རུལ་སུངས་ཀྱི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། གསལ་འབྱེད་ཡང་དག བཅོས་སྐྱོང་ནུས་ལྡན་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བར་འབད་བརྩོན་ཧུར་ཐག་བྱས་ཏེ་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཉམ་འགུལ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་ལྟ་སྐུལ་སྦྲེལ་མཐུད་བཅས་བྱས་ནས་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་ལ་བརྟེན་ཏེ་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་དུ་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པས། ཏང་གི་མཐུན་སྒྲིལ་གཅིག་གྱུར་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ལུགས་མཐུན་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་སྒྱུར་ལ་ལྟ་སྐུལ་བྱེད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་གི་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་གྱི་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་གི་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཧུར་ཐག་སྐྲུན་དགོས།
ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ལ་དམིགས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འགན་ལེན་བརྟན་པོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་བས། གསུང་བཤད་དེ་ནི་དུས་བབ་ཕྱག་གཟིགས་དང་། གཟིགས་རྒྱང་རིང་བ། དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བཅས་བྱས་ནས། ནམ་ཡང་རྫོགས་མཐའ་མེད་པའི་ངར་ཤུགས་དང་སྙིང་རུས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུཌ་ཡོད་པ་རེད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། མི་དམངས་ཀྱི་ཚོགས་པ་ཁག དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་1ཚེས་12ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚེས་12ཉིན་གྱི་ཕྱི་དྲོར། ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འགན་ལེན་བརྟན་པོ་བྱེད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།