དབུ་ཤོག
  • རང་བསྐྲུན་ཁང་པའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-13

    རང་བསྐྲུན་ཁང་པ་ནི་སྔར་ནས་ད་བར་མེ་འགོག་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་དང་། ལྷག་པར་དུ་ཤོད་ལ་ཚོང་ཁང་དང་ཐོག་ཁར་མི་སྡོད་སའམ་ཡང་ན་མདུན་དུ་ཚོང་ཁང་དང་རྒྱབ་ཏུ་མི་སྡོད་ས་ཡིན་པའི་རང་བསྐྲུན་ཁང་པ་ཁག་གཅིག་ཚོང་རྒྱག་ས་དང་། མི་སྡོད་ས། མཛོད་ཁང་བཅས་གང་མཁོ་དེ་སྤྱོད་བྱེད་པས། མངོན་མེད་རྐྱེན་ངན་གྱི་ཉེན་ཁ་མངོན་གསལ་ཆེ་བ་དང་མི་ཚོགས་སྟུག་པར་བརྟེན། མེ་ཤོར་ཕྱིན་མི་ཤི་རྨས་ཡོང་ཉེན་ཆེན་པོ་ཡོད།

    གཅིག རང་བསྐྲུན་ཁང་པའི་མེ་སྐྱོན་གྱི་ཁྱད་ཆོས་དང་རྒྱུན་མཐོང་གི་རྒྱུ་རྐྱེན།

    1. མཚན་མོ་མེ་ཤོར་ན་ལས་སླ་པོར་ཧ་མི་གོ་བ། མེ་སྐྱོན་ཕལ་ཆེ་བ་མཚན་མོར་འབྱུང་ཞིང་། དེ་དུས་མི་མང་ཆེ་བ་གཉིད་དུ་ཡུར་བའི་སྐབས་ཡིན་པས་མེ་སྐྱོན་ལས་ཐར་ཁག་པོ་ཡོད།

    2. འབར་སླ་བའི་དངོས་པོར་མེ་མཆེད་མགྱོགས་པ། ཚོང་གཉེར་ཁུལ་གྱི་དངོས་ཟོག་གི་མེ་མཆེད་ཤུགས་ཆེ་བ་དང་། འབར་སླ་བའི་ཨར་ལས་རྒྱུ་ཆས་མེ་ཤུགས་ཆེ་རུ་མགྱོགས་མྱུར་ཕྱིན་ནས་དུ་བས་ཁེངས་ཀྱི་ཡོད།

    3. ཁ་འགྲེམས་ཀྱི་བགྲོད་ལམ་ཚད་ལྡན་མིན་པ། སྡོད་ཁང་མང་ཆེ་བར་ཐེམ་སྐས་གཅིག་ལས་མེད་པ་མ་ཟད། དངོས་ཟོག་གང་བྱུང་དུ་སྤུངས་པ་དང་། སྒེའུ་ཁུང་ཕྱིར་ལྕགས་དྲ་བསྒར་བས་མེ་ཤོར་དུས་བྲོས་ཁག་པོ་ཡོད།

    4. ཉམས་ཞན་ཚོགས་སྤྱི་བྲོས་ཁག་པ། རྒན་རྒོན་དང་བྱིས་པ་སོགས་ཀྱི་རང་སྐྱོབ་ནུས་པ་ཞན་པས་མེ་སྐྱོན་ལས་ཐར་ཁག་པོ་ཡོད།

    5. མེ་ཤོར་བའི་རྒྱུ་རྐྱེན་མང་བ། མེ་དང་། གློག སོལ་རླངས་བཅས་སྤྱོད་སྟངས་ཚད་ལྡན་མེད་པ་ནི་རྒྱུན་མཐོང་གི་རྒྱུ་རྐྱེན་ཡིན།

    6. ཐོན་སྐྱེད་དང་འཚོ་བའི་དབྱེ་མཚམས་གསལ་པོ་མེད་པ། མི་སྡོད་ས་དང་། ཚོང་རྒྱག་ས། མཛོད་ཁང་བཅས་གང་མཁོ་དེ་སྤྱོད་བྱེད་པའི་ཁར། ཁང་པ་སོ་སོར་མེ་འགོག་ཡོ་བྱད་བསྒར་མེད།

    7. མེ་གསོད་སྒྲིག་ཆས་དཀོན་པ། མེ་སྐྱོན་གྱི་ཉེན་བརྡ་གཏོང་ཆས་དང་མེ་གསོད་ཆས་སོགས་གཞི་རྩའི་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པའམ་ཡང་ན་དཀོན་པ།

    གཉིས། ཚོང་གཉེར་རང་བཞིན་གྱི་རང་བསྐྲུན་ཁང་པར་ཞིབ་བཤེར་བྱེད་དགོས་པ་ཁག་བརྒྱད།

    1. མེ་དང་། གློག སོལ་རླངས་བཅས་སྤྱོད་སྟངས་ལ་ཞིབ་བཤེར་བྱེད་དགོས། ཕྱི་ལོགས་ལ་འགྲོ་སྐབས་སོལ་རླངས་ཀྱི་གཅུས་སྒོ་རྒྱག་པ་དང་མེ་དང་གློག་གསོད་དགོས་པ་མ་ཟད། ལྐོག་ཏུ་གློག་སྐུད་གང་བྱུང་དུ་ཁྲིད་ནས་གློག་ཚད་ལས་བརྒལ་ཏེ་སྤྱོད་མི་རུང་།

    2. མེ་འབྲེལ་ལས་སྒྲུབ་ལ་ཞིབ་བཤེར་བྱེད་དགོས། གློག་གི་ཚ་ལ་རྒྱག་མཁན་ཡིན་ཕྱིན་ངེས་པར་དུ་འབྲེལ་ཡོད་ལག་ཁྱེར་དགོས་པ་དང་། ས་ཡུལ་དངོས་སུ་ལྟ་ཞིབ་བྱས་ཏེ་མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཆེ་སར་ཐ་མག་འཐེན་པ་དང་མེ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

    3. མེ་འགོག་གི་དབྱེ་མཚམས་ལ་ཞིབ་བཤེར་བྱེད་དགོས། མི་སྡོད་ས་དང་ཐོན་སྐྱེད་བྱེད་ས་དང་། ཚོང་རྒྱག་ས། མཛོད་ཁང་སོགས་ཀྱི་དབར་གྱང་སློང་བ་དང་མེ་འགོག་སྒོ་བཟོས་ནས་མེ་འགོག་གི་དབྱེ་མཚམས་གསལ་པོ་ཕྱེ་སྟེ། ཤོད་ལ་མེ་ཤོར་སྐབས་ཐོག་ཁར་ཉེན་ཁ་མི་ཡོང་བ་བྱེད་དགོས།

    4. འབར་གས་སླ་བའི་ཉེན་ཡོད་དངོས་རྫས་ལ་ཞིབ་བཤེར་བྱེད་དགོས། ཤོག་སྦག་དང་། རླངས་སྣུམ། ཨ་རག་ཉིང་ཁུ། གཤེར་འགྱུར་རྡོ་སྣུམ། སོལ་རླངས་སོགས་འབར་གས་སླ་བའི་དངོས་རྫས་སྒྲིག་སྲོལ་དང་འགལ་ནས་ཉར་བ་དང་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

    5. ཨར་ལས་ཀྱི་རྒྱུ་ཆར་ཞིབ་བཤེར་བྱེད་དགོས། འབར་སླ་བའི་རྒྱུ་ཆས་ཁང་པ་རྒྱག་མི་ཆོག་ལ། འབར་སླ་བའི་རྒྱུ་ཆ་སྤྱད་ནས་མཛེས་བཟོའང་བྱེད་མི་ཆོག

    6. མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་དགོས། བླང་བྱ་ལྟར་མེ་སྐྱོན་གྱི་ཉེན་བརྡ་གཏོང་ཆས་དང་། མེ་གསོད་ཆས། མེ་གསོད་གདན་སོགས་རྒྱུན་སྤྱོད་ཀྱི་མེ་གསོད་སྒྲིག་ཆས་དང་ཡོ་ཆས་ལོགས་སུ་སྒྲིག་སྦྱོར་བྱེད་དགོས།

    7. ཁ་འགྲེམས་ཀྱི་བགྲོད་ལམ་གཤོང་དགོས། དངོས་ཟོག་ཐོག་ཁའི་སྐས་འགྲམ་མམ་ཡང་ན་སྐས་འཛེག་ཐོག་སྤུངས་མི་ཆོག་ལ། གློག་སྐུད་དང་། སོལ་རླངས་མདོང་ལམ། མེ་ཡོད་ས། བགྲོད་ལམ། ཕྱིར་དོན་ས། ཕྱིའི་སྒེའུ་ཁུང་བཅས་ཤར་གཏོང་ཡོང་བ་བྱེད་དགོས།

    8. ལས་མིའི་བདེ་འཇགས་འདུ་ཤེས་ལ་ཞིབ་བཤེར་བྱེད་དགོས། གཉེར་སྐྱོང་མཁན་ལ་མེ་གསོད་བདེ་འཇགས་སྐོར་གསོ་སྦྱོང་བྱས་ཏེ་དུས་བཀག་ནང་མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱེད་དགོས།

    གསུམ། རང་བསྐྲུན་ཁང་པའི་མེ་སྐྱོན་ལས་གཡོལ་ཐབས་ཁག་བདུན།

    1. མེ་ཤོར་ནས་རང་གིས་མེ་གསོད་མི་ཐུབ་ཚེ། བགྲོད་སའི་ལམ་ཡོད་ན་འཕྲལ་མར་བྲོས་དགོས།

    2. སྡོད་ས་མེ་ཤོར་སའི་འོག་ཏུ་ཡོད་ཚེ། ཕྱིར་དུ་བ་མེད་པའམ་ཡང་ན་དུ་བ་ཉུང་ཉུང་ལས་མེད་ན། འཕྲལ་མར་ཤོད་ཀྱི་བདེ་འཇགས་ཡོད་སར་བྲོས་དགོས།

    3. སྡོད་ས་མེ་ཤོར་སའི་སྟེང་དུ་ཡོད་ཚེ། སྒོའི་ཕྱིའམ་ཡང་ན་ཐོག་ཁའི་བར་ཁྱམས་ལ་དུ་བས་ཁེངས་ནས་འགྲོ་ས་མེད་ན། ཁྱིམ་དུ་ཉེན་གཡོལ་བྱས་ནས་རོགས་སྐྱོབ་བྱེད་མཁན་བསྒུགས་ནས་སྡོད་དགོས།

    4. ཁྱིམ་དུ་བསྡད་ནས་རོགས་སྐྱོབ་བྱེད་མཁན་སྒུག་སྐབས། ཨ་ཅོར་རློན་པ་དང་གྱོན་ཆས་ཀྱིས་སྒོའི་སྲུབས་ཀ་བཀག་སྟེ། སྒོའི་ལྡེབས་ལ་ཆུ་གཤོས་ནས་མེ་ཤུགས་ཆུང་དུ་གཏོང་བ་དང་དུ་རླངས་མཆེད་རྒྱུ་འགོག་དགོས།

    5. ཉེན་གཡོལ་བྱེད་ས་འདེམས་སྐབས། ཁང་པའི་ཕྱི་ལོགས་ཀྱི་སྲང་ལམ་གཙོ་བོ་དང་བར་ཐག་ཉེ་ཞིང་ཕྱིའི་སྒེའུ་ཁུང་ཕྱེ་ཆོག་པའི་ཁང་པའི་ནང་བསྡད་དེ་སྒེའུ་ཁུང་ནས་གྱོན་ཆས་བཀྲག་མདངས་ཆེ་བ་གཡུག་གཡུག་གཏོང་བའམ་སྐད་རྒྱག་དགོས་པ་དང་། འོད་འཚེར་བར་བྱེད་པ་སོགས་བྱས་ནས་མི་གཞན་གྱིས་དོ་སྣང་ཡོང་ཐབས་བྱེད་དགོས།

    6. ཁ་གྲམ་ནས་བྲོས་འགྲོ་སྐབས་ཁྱིམ་སྒོ་དང་མེ་འགོག་སྒོ་སོགས་རྒྱག་དགོས། གལ་སྲིད་དུ་བའི་དཀྱིལ་ནས་བྲོས་དགོས་ཚེ། མགོ་བོ་སྒུར་བ་དང་། གོག་པོ་བརྒྱབ་ནས་འགྲོ་བ་སོགས་བྱས་ཏེ། དུ་བ་ཁ་ནང་དུ་མི་འགྲོ་བ་བྱེད་དགོས།

    7. མེ་ཤོར་ས་ནས་བྲོས་སྐབས། དུ་བ་སྟུག་པོ་ལས་གཡོལ་ཐབས་བྱེད་པ་ནི་འགག་རྩ་ཡིན། རྒྱུ་ནོར་ལ་ཞེན་ཆགས་བྱ་རྒྱུ་མེད་ལ་རྨོངས་ཚོད་ཀྱིས་ཐོག་ཁ་ནས་མཆོང་རྒྱུའང་མེད།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།